R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༡ན
[A:༦༡ན]སྨིན་བྱེད་རྒྱུད་ལས་བཀག །ཅེས་རྡུལ་ཚོན་མ་གཏོགས་མཐའ་གཅིག་ཏུ་མི་རུང་བར་གསུངས་པ་དང་འགལ་ལོ་ཞེས་དང་། སྨིན་བྱེད་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་མཐའ་གཅིག་ཏུ་དགོས་པར་གསུངས་པ་དང་། དེ་ལས་གཞན་རྒྱུད་ལས་བཀག་གསུངས་པའི་རྒྱུད་དེ་ས་སྐྱ་པ་ཐམས་ཅད་ལ་ལོགས་ནས་སྟོན་པར་རིགས་སོ་ཞེས་ཕྱོགས་སྔ་མའི་བཞེད་པ་མ་ལོངས་པའི་གསུང་མང་དུ་འགོད་པར་མཛད་དོ། །དེ་ལ། དེང་སང་གང་ཟག་རབ་འབྲིང་ཀུན། །ཞེས་སོགས་ཀྱིས་སྨིན་བྱེད་ཀྱི་དབང་རྡུལ་ཚོན་གྱི་དཀྱིལ་འཁོར་ཁོ་ནར་བྱ་དགོས་པ་བསྟན་པ་མིན་ཏེ། ཁོ་བོ་ཅག་གི་ལུགས་ལ་རས་བྲིས་སུའང་སྨིན་བྱེད་རུང་བར་བཞེད་པས་སོ། །དེ་ལྟར་ཡང་རྗེ་བཙུན་རྩེ་མོའི་དབང་ཆུ་ཆེན་མོ་ལས། རས་བྲིས་ལ་བརྟེན་པའི་ལུགས་འདི་ནི་བདེ་མཆོག་ཨ་བྷི་དྷ་ན་ལ་བརྟེན། སློབ་དཔོན་རྡོ་རྗེ་དྲིལ་བུ་པ་དང་དགའ་རབ་རྡོ་རྗེ་ལ་སོགས་པས་གསུངས། དེང་སང་རྒྱ་གར་ནའང་ཆོ་ག་ཕལ་ཆེར་འདི་ལ་བྱེད་ལ། བླ་མ་གོང་མ་རྣམས་ཀྱང་སྐབས་སུ་ཕྱག་ལེན་འདི་ལ་མཛད་པས་ལུགས་འདི་ཧ་ཅང་མི་ལེགས་པ་མ་ཡིན་ནོ་ཞེས་གསུངས་པ་ཡིན་ལ། དེས་ན་གཞུང་དེའི་དོན་ནི་དེང་སང་སོ་སོ་སྐྱེ་བོའི་གང་ཟག་དབང་པོ་རབ་འབྲིང་མཐའ་མ་ཀུན། སོ་སོ་སྐྱེ་བོའི་རྡོ་རྗེ་སློབ་དཔོན་གྱིས་སྨིན་པར་བྱེད་པ་ལ་གཙོ་བོར་རྡུལ་ཚོན་གྱི་ནི་དཀྱིལ་འཁོར་དུ་དབང་བསྐུར་བྱ་བར་རྒྱུད་སྡེ་ལས་གསུང་མོད་ཀྱི། དེ་ལས་གཞན་ཕག་མོ་བརྡ་བཞིའི་དབང་དང་། སྤྲུལ་པའི་དཀྱིལ་འཁོར་དུ་སོ་སྐྱེ་སྨིན་པ་རྒྱུད་ལས་བཀག་སྟེ་ཚུལ་དེ་ལྟ་བུ་རྒྱུད་སྡེ་ལས་ཅི་ཡང་གསུངས་པ་མེད་པའི་ཕྱིར་ཞེས་པ་ཡིན་ལ། གཙོ་བོར་རྡུལ་ཚོན་བྱ་