R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༡བ
[A:༦༡བ]བར་རྒྱུད་སྡེ་ལས་གསུང་ཏེ། སྤྱི་རྒྱུད་ལས། རྣམ་དཔྱད་དང་པོ་ས་གཞི་བཟུང་། །ཞེས་དང་། བརྟག་གཉིས་ལས། གསར་པ་ལེགས་པར་བཀལ་བ་དང་། །ཤིན་ཏུ་ཚད་མ་མཛེས་པ་ཡི། །སྲད་བུ་ཤེས་རབ་ཅན་གྱིས་གདབ། །ཞེས་དང་། རྡུལ་ཚོན་དམ་པའི་ཚོན་དང་ནི། །ཞེས་སོགས་སོ་སོ་སྐྱེ་བོའི་རྡོ་རྗེ་སློབ་དཔོན་གྱིས་སློབ་མ་སྨིན་པར་བྱེད་པའི་དབང་དུ་བྱས་ནས་ས་བརྟག་བསླང་སྦྱང་གསུམ་དང་། ཐིག་གདབ་ཚུལ་སོགས་དང་རིན་པོ་ཆེ་ལྔའི་ཕྱེ་མ་ལ་སོགས་པ་རྡུལ་ཚོན་གྱི་དབྱེ་བ་གསུངས་པ་ཡིན་གྱིས། སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ན་དེ་དག་གིས་དགོས་པ་མེད་པའི་ཕྱིར། གཞན་གྱི་སྨིན་བྱེད་ཅེས་སོགས་ཀྱི་གཞན་གྱི་སྨིན་བྱེད་དེ་ཕག་མོ་བརྡ་བཞི་སོགས་ལ་ངོས་འཛིན་པ་ནི། ཆོས་རྗེ་ཉིད་ཀྱི་སྡོམ་གསུམ་རང་མཆན་ན། གཞན་གྱི་སྨིན་བྱེད་རྒྱུད་ལས་བཀག །ཅེས་པ་འདིའི་མཆན་བུར། ཕག་མོ་ལ་སོགས་པ་ཞེས་གསུངས་ཡོད་པས་དེ་ལྟར་དུ་འཆད་པ་ཡིན་ལ། ཁྱེད་ཀྱི་འོལ་ཚོད་ཀྱིས་རས་བྲིས་ཀྱི་དཀྱིལ་འཁོར་སོགས་ལ་འདོད་པ་ནི་རྒྱུས་མེད་ཀྱི་རྒྱུས་གཏམ་མོ། །དེར་མ་ཟད་གཞུང་ཉིད་ཀྱི་འཕྲོས་དང་ཡང་འགྲིགས་ཏེ། དེང་སང་རྡོ་རྗེ་ཕག་མོ་ཡིས། བྱིན་རླབས་དབང་བསྐུར་ཡིན་ཞེས་ཟེར། ཞེས་ཕྱོགས་སྔ་བཀོད་ནས། འདི་འདྲ་རྒྱུད་སྡེ་ལས་མ་གསུངས། །བསྟན་བཅོས་རྣམས་ལས་བཤད་པ་མེད། །ཅེས་སོགས་ལུང་རིགས་དུ་མའི་སྒོ་ནས་འགོག་པར་མཛད་པའི་ལོག་ཆོས་རྣམས་དང་། གཞན་ཡང་། ཁ་ཅིག་གང་ཟག་དབང་པོ་རབ། །སྨིན་བྱེད་ཕག་མོའི་བྱིན་རླབས་ཡིན། །ཞེས་སོགས་སྨིན་བྱེད་མ་ཡིན་པ་སྨིན་བྱེད་དུ་འདོད་པ་དང་། ལ་ལ་སློབ་དཔོན་གྱིས་སྤྲུལ་