R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༢ན
[A:༦༢ན]པའི་དཀྱིལ་འཁོར་སྤྲུལ་ནུས་ཤིང་། སློབ་མས་བལྟ་ནུས་པའི་ཚེ་དབང་བྱ་བ་ཡིན་གྱི། དེ་ལས་གཞན་དུ་དེང་སང་དབང་བསྐུར་དུ་མི་རུང་ཟེར་བ་སོགས་གང་དུ་བསྐུར་བའི་དཀྱིལ་འཁོར་ལ་འཁྲུལ་པ་ཡོད་པ་རྣམས་ཆབས་གཅིག་ཏུ་འགོག་པ་ལ། དེང་སང་ཞེས་སོགས་འབྱུང་བས་སོ། །དེས་ན་ཁྱེད་ཀྱིས་དེ་ལས་གཞན་རྒྱུད་ལས་བཀག་གསུངས་པའི་རྒྱུད་དེ་ས་སྐྱ་པ་ཐམས་ཅད་ལོགས་ནས་སྟོན་པར་འོས་སོ་གསུང་བ་དང་། ཁྱེད་ཉིད་ཀྱིས་རྗེས་ཞུགས་སངས་རྒྱས་རྡོ་རྗེ་བས་ཀྱང་། གཞན་གྱི་སྨིན་བྱེད་གང་ཡིན་དང་། །དེ་བཀག་པ་ཡིས་ལུང་ཁུངས་དང་། །འགེགས་པའི་རྒྱུ་མཚན་ཚད་ཐུབ་རྣམས། །སྨྲ་མཁས་ཉིན་སྐར་བས་ཀྱང་དཀོན། །ཞེས་ཟེར་ཟློས་བྱེད་མོད་ཀྱང་དེ་ནི་རང་གིས་མ་གོ་བས་གཞན་གྱིས་ཀྱང་གོ་བ་མེད་སྙམ་པའམ། གཞན་དག་གོ་བ་དག་གིས་བཤད་ཀྱང་རང་གི་བློ་ལ་གསལ་བ་དེ་དང་མ་མཐུན་པས་ན་འདིས་ཀྱང་མ་གོ་འདུག་སྙམ་པ་སོགས་ལོག་པའི་ཤེས་པས་ཡིད་དྲངས་པའི་ཉེས་པར་ཟད་དོ། །དེ་ལྟ་མིན་ན་ཁོ་བོ་ཅག་ནི། གཞན་གྱི་སྨིན་བྱེད་རྒྱུད་ལས་བཀག །ཅེས་འབྱུང་བའི་གཞན་གྱི་སྨིན་བྱེད་ནི་སྔར་བཤད་པ་ལྟར་ཡིན་ལ། དེ་ཉིད་བཀག་པའི་ལུང་ཁུངས་ནི་རྒྱུད་སྡེ་ཐམས་ཅད་ཡིན་ཏེ། ཁྱེད་ཅག་དག་འདོད་པའི་ཕག་མོ་བརྡ་བཞིའི་དབང་བྱ་བ་དེ་དང་། གཞན་ཡང་སོ་སོ་སྐྱེ་བོའི་རྡོ་རྗེ་སློབ་དཔོན་གྱིས་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་སོགས་སྨིན་བྱེད་ཀྱི་དབང་དུ་རྒྱུད་སྡེ་གང་དུའང་བཤད་པ་མེད་པའི་ཕྱིར། འགེགས་པའི་རྒྱུ་མཚན་ནི། རྡོ་རྗེ་ཕག་མོའི་བྱིན་རླབས་ལ། །སྡོམ་པ་གསུམ་ལྡན་བྱར་མི་རུང་། །ཕྱི་ནང་རྟེན་འབྲེལ་