R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༢བ
[A:༦༢བ]འགྲིགས་མི་འགྱུར། །སྐུ་བཞིའི་ས་བོན་ཐེབས་མི་ནུས། །དེ་ཕྱིར་འདི་ནི་བྱིན་རླབས་ཙམ། །ཡིན་གྱིས་སྨིན་པར་བྱེད་པ་མིན། །ཞེས་གསལ་བར་གསུངས་པ་འདིས་ཕག་མོའི་བྱིན་རླབས་སྨིན་བྱེད་དུ་འགེགས་པའི་རྒྱུ་མཚན་བསྟན་པ་ཡིན་ལ། སོ་སོ་སྐྱེ་བོའི་རྡོ་རྗེ་སློབ་དཔོན་གྱིས་སོ་སོ་སྐྱེ་བོའི་སློབ་མ་སྤྲུལ་པའི་དཀྱིལ་འཁོར་དུ་སྨིན་པར་བྱེད་པ་འགོག་པའི་རྒྱུ་མཚན་ནི་དེ་ལྟ་བུའི་རྡོ་རྗེ་སློབ་དཔོན་གྱིས་སྤྲུལ་པའི་དཀྱིལ་འཁོར་སྟོན་མི་ནུས་ཤིང་། སློབ་མས་བལྟ་ཡང་མི་ནུས་པས་ན་དེ་འདྲའི་རྡོ་རྗེ་སློབ་དཔོན་གྱིས་དཀྱིལ་འཁོར་དེ་ལྟ་བུར་དེ་ལྟ་བུའི་སློབ་མ་སྨིན་པ་མི་རུང་ཞེས་པ་ཡིན་ནོ། །དེ་ལྟར་དཔྱིས་ཕྱིན་པར་འདོམས་ཀྱང་ཁྱེད་ལ་ནི་ཚད་ཐུབ་ཏུ་འགྲོ་བ་ཆེས་དཀའ་སྟེ་གཟུ་བོར་གནས་པའི་ཐུགས་དང་མི་ལྡན་པས་སོ། །རྒྱུ་མཚན་དེ་དག་གི་ཕྱིར་ན་སྤྲུལ་སྐུ་མཆོག་པདྨ་དཀར་པོ་རྗེས་འབྲངས་དང་བཅས་པའི་གསུང་དེ་དག་ནི་ཕྱོགས་སྔ་མ་ལོངས་པའི་སུན་འབྱིན་ཏེ་ཕྱོགས་སྔའི་ནམ་མ་ལངས་པར་དགག་སྒྲུབ་ཀྱི་ཉི་མ་ཤར་བ་ཞེས་པ་དེར་སྣང་ངོ་། །དེ་བས་ན་པདྨ་དཀར་པོ་ཁྱེད་རང་གི་བརྟག་གཉིས་འཆད་པ་པོ་རྣམས་ལ་དྲི་བར། མཆོག་དབང་གསུམ་ལ་དཀྱིལ་འཁོར་བསྒོམས་པས་རུང་། །བུམ་པའི་དབང་ལ་དེ་ལྟ་མི་རུང་བའི། །རྒྱུད་ལུང་ཅི་ཡོད་མེད་ན་སྨིན་བྱེད་དབང་། །རྡུལ་ཚོན་ཉིད་དུ་འགྱུར་ཞེས་སྨྲས་ཀྱང་ཅི། །ཞེས་པ་དང་། གཞན་ཡང་རྡུལ་ཚོན་རང་མཐའ་ཅིག་ཏུ་མི་དགོས་ཞེས་ཐུགས་སྙུང་སྙུང་མོའི་གསུང་ཡང་ཡང་ཕེབས་འདུག་པ་དེའི་ཁོངས་དེ་ན་རས་བྲིས་སོགས་དང་རྡུལ་ཚོན་ལ་སྨིན་བྱེད་དུ་རུང་མི་རུང་གི་ཁྱད་པར་ཅུང་ཟད་ཙམ་ཡང་མེད་སྙམ་པ་ཞིག་ཡོད་སྣང་བ། ཁྱད་པར་མེད་ན་སློབ་