R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༣ན
[A:༦༣ན]དཔོན་རྩེ་མོའི་ལུགས་འདི་ཧ་ཅང་མི་ལེགས་པ་མ་ཡིན་ནོ་ཞེས་རྡུལ་ཚོན་ལས་རས་བྲིས་ལ་བརྟེན་པ་འདི་ཅུང་ཟད་མི་ལེགས་པ་ཡིན་པར་བཤད་ཅིང་། དེ་ལ་ཁྱེད་རྩི་དོགས་མེད་ནའང་། སློབ་དཔོན་ཛ་ཡ་སེ་ནས། རྡུལ་ཚོན་བྲི་བར་མ་ནུས་ན། །དཀྱིལ་འཁོར་དང་མཉམ་རས་ལ་ནི། །ངེས་པར་བཅོམ་ལྡན་ཧེ་རུ་ཀ །ཕྱག་རྒྱའི་ཚོགས་དང་བཅས་པ་བྲི། །ཞེས་པ་འདིས་ཆོ་ག་རྒྱས་པར་ནུས་ན་ལེགས་པས་རྡུལ་ཚོན་བྱ་ལ། མི་ནུས་ན་རས་བྲིས་ལ་བརྟེན་པས་ཀྱང་རུང་ཞེས་བསྟན་པ་མ་ཡིན་ནམ། དེ་མིན་ན་འོ་ན། རྡུལ་ཚོན་བྲི་བར་མ་ནུས་ན། །ཞེས་པའི་ཚིག་གི་ནུས་པ་ཇི་ལྟར་འཆད། དེ་གཉིས་ལ་ཁྱད་པར་ཡོད་ན་ཁོ་བོ་ཅག་གི་ལུགས་ལའང་རྒྱུད་སྡེ་རྣམས་ལས་རྡུལ་ཚོན་གཙོ་བོར་གསུངས་པས་ཐུབ་ན་རྡུལ་ཚོན་ཀ་ལེགས་ཤིང་། རས་བྲིས་སུའང་མི་རུང་བ་མ་ཡིན་པས་སྤྱིར་བཏང་དང་དམིགས་བསལ་དུ་འཆད་པ་དང་མཐུན་པར་འབྱུང་བས་ཚུལ་དེ་ཡང་ཡང་སྨྲས་པ་ལ་དགོས་པ་ཅི་ཡོད་ལེགས་པར་སོམས་ལ་སྨྲོས་ཤིག དེ་དག་ནི་ཅུང་ཟད་འཕྲོས་པའོ། །བཞི་པ་སློབ་དཔོན་གྱི་དབང་ལ་གྲངས་ངེས་ཡོད་མེད་ཀྱི་རྣམ་གཞག་ལ་རྗེ་མུས་སྲད་པ་ཆེན་པོས་ཆུ་རྒྱུན་བཞི་པར། སློབ་དཔོན་གྲངས་ངེས་མེད་པ་དང་། ཞེས་པའི་རྒྱས་བཤད་དུ། ཁ་ཅིག་རྡོ་རྗེ་སློབ་དཔོན་གྱིས་དབང་གི་སྐབས་སུ་སློབ་མ་དེར་འདུག་པ་ཐམས་ཅད་ལ་དུས་གཅིག་ཏུ་སློབ་དཔོན་གྱི་དབང་བྱེད་པ་ཤིན་ཏུ་མི་རིགས་ཏེ། སློབ་དཔོན་རིན་པོ་ཆེའི་འགྲེལ་ལུགས་ཀྱི་དབང་ཆུ་ལས། གསོལ་བཏབ་ཀྱི་རྗེས་སུ། དེ་ནས་སློབ་དཔོན་གྱིས་ཚོགས་པ་ལ་དབང་བསྐུར་བར་བྱ་བ་ཡིན་ཏེ། སློབ་དཔོན་སྙིང་རྗེ་ཆེན་པོ་