R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༣བ
[A:༦༣བ]ཡིས། །སློབ་མ་དམ་པ་སྙིང་རྗེ་ཅན། །སྔགས་དང་རྒྱུད་རྣམས་འཛིན་པ་པོ། །གཅིག་ནི་ནན་ཏན་བསྐྱེད་དེ་བཟུང་། །སློབ་མ་རེ་རེ་ལ་དབང་བཞི་ཅིག་ཅར་རམ་རིམ་ཅན་དུ་བསྐུར་བར་བྱ་བ་ཡིན་པས་གཞན་བཀྱེ་ལ། ཇི་སྐད་དུ་བཤད་པའི་དབང་སྟེགས་ཀྱི་སྟེང་དུ་སློབ་མའི་གཙོ་བོར་གྱུར་པ་སྔར་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ཀྱི་སྐབས་སུ་བསྟན་པའི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོས་བཞག་ལ་དབང་བསྐུར་བར་བྱའོ་ཞེས་དང་། ཁྱད་པར་དུ་མན་ངག་ལུགས་ཀྱི་དབང་ཆུ་ཆེན་མོ་ལས། སློབ་དཔོན་དབང་གི་གསོལ་བཏབ་ཀྱི་རྗེས་སུ། དེ་ནས་སློབ་མ་གཅིག་དབང་སྟེགས་ཀྱི་སྟེང་དུ་བཞག་ལ་རྡོ་རྗེ་འཆང་ཆེན་པོའི་རྣམ་པར་བསམ་ཞེས་པ་དང་། སུ་པྲ་ཏིཥྛས་མེ་ཏོག་གཏོར་བའི་རྗེས་སུ། དེ་ལྟར་སློབ་མ་རེ་རེ་ནས་རྫོགས་པ་དང་། སློབ་མ་རྣམས་ལ་དུས་གཅིག་ཏུ་དེ་ཁོ་ན་ཉིད་བསྟན་པར་བྱ་སྟེ་ཞེས་གསུངས་པ་རྣམས་མ་མཐོང་ངམ་ཅི། གང་བཀག་པ་དེ་ནན་གྱིས་སྒྲུབ་པ་ལ་བརྩོན་པར་བྱེད་པར་ཟད་དོ་ཞེས་གསུངས་ནས། ངོར་པ་དག་ཉེར་ལྔ་པོ་ཐམས་ཅད་ལ་རྡོ་རྗེ་སློབ་དཔོན་གྱིས་དབང་དུས་གཅིག་ཏུ་བསྐུར་བའི་ཕྱག་ལེན་མཛད་པ་ལ་རྒོལ་བར་མཛད་དོ། །རྒོལ་བའི་གསུང་བཀོད་པ་འདི་ལ་རྣམ་ཐར་སྒོ་བརྒྱད་པ་སོགས་སུ་སྙིང་པོ་བླངས་ནས་བཀོད་པས་གོང་གི་དེ་དང་ཚིག་རིགས་མི་མཐུན་པ་རེ་འབྱུང་ཡང་། འདིར་ནི་ཆུ་རྒྱུན་བཞི་པ་རང་ལས་ཇི་སྐད་འབྱུང་བ་བཞིན་བཀོད་པ་ཡིན་ལ། དེ་ལྟར་མུས་སྲད་པ་ཆེན་པོས་བརྒལ་ཞིང་བརྟགས་པ་དེའི་ལན་དུ། པཎ་ཆེན་རིན་པོ་ཆེའི་རྣམ་ཐར་སྒོ་བརྒྱད་པར་ཚོགས་པ་ལ་རྡོ་རྗེ་སློབ་དཔོན་གྱིས་དབང་བསྐུར་བ་ཉེས་ཅན་ཡིན་ན་ཀུན་གྱིས་སེལ་དགོས་པར་བསྟན་པ་