R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༥བ
[A:༦༥བ]གསུམ་མམ་བཞི་ཡང་རུང་། །བླ་མས་དབང་བསྐུར་བྱ་བ་ནི། །ཡོ་བྱད་གསར་པ་གཞན་རྣམས་ཀྱི། །ཐམས་ཅད་སོ་སོ་སོ་སོར་བྱ། །ཞེས་དང་། དབང་བསྐུར་དོན་དུ་དཀྱིལ་འཁོར་ནི། །བྱེ་མ་དཀར་པོས་བྲི་བར་བྱ། །དཀྱིལ་འཁོར་དག་དང་རྗེས་མཐུན་པར། །སྟེགས་བུ་གྲུ་བཞི་བྱས་ནས་སུ། །དེ་ཡི་དབུས་སུ་ཚོན་སྣ་ལྔས། །པདྨ་ཡོངས་སུ་རྫོགས་པ་བྲི། །ཞེས་སོགས་གསུངས་པའི་དོན། རྗེ་བཙུན་གོང་མའི་ཡི་གེ་ལས་འབྱུང་བའི་ཕྱག་ལེན་དབང་སྟེགས་ཀྱི་དཀྱིལ་འཁོར་མཚན་ཉིད་ཚང་བའི་སྟེང་དུ་ཇི་སྐད་བཤད་པའི་ཡོ་བྱད་ཡོངས་སུ་རྫོགས་པའི་ཆིག་བསྒྲེངས་སུ་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བའི་ཕྱག་ལེན་ཤིན་ཏུ་རྒྱས་པའང་བྱེད་པས། ཁྱེད་ཀྱི་པདྨ་འདབ་བརྒྱད་ཀྱི་རི་མོ་ཙམ་གྱི་སྟེང་དུ་སློབ་དཔོན་གྱི་དབང་བསྐུར་བ་ལ་དེ་ཙམ་གྱི་ང་རྒྱལ་གྱིས་ཉམ་ཐག་པས་ངལ་བ་ལྷུར་ལེན་པར་ཟད་དོ་ཞེས་གསུངས་ལ། ཡང་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་ཚངས་པའི་རིག་སྔགས་སུ། རྣམ་དབྱེ་སྤྱིར་བསྟན་པ་དང་། ངེས་གཟུང་མེད་ཀྱང་ཉེས་མེད་དུ་བསྟན་པ།རྒོལ་བ་པོ་ཉིད་ཉེས་པ་ཆེན་པོས་ནོན་པ་དང་དོན་ཚན་གསུམ་དུ་མཛད་ནས། དང་པོ་ལ་ཚིག་རིགས་ཅུང་ཟད་མ་གཏོགས་གོང་དུ་བཀོད་པའི་པཎ་ཆེན་གྱི་ལན་འདེབས་དོན་ཚན་དང་པོ་ཇི་ལྟ་བ་བཞིན་གསུངས་ལ། གཉིས་པ་ལ་སྤྱིར་དབང་བསྐུར་ཚུལ་ལ་རིམ་གྱིས་པ་དང་ཅིག་ཅར་བ་གཉིས་ལས། སྔ་མ་ནི་གང་ཟག་ཐ་མ་གཙོ་བོར་བཟུང་པ་དང་། ལག་ལེན་སྤྲོས་པ་ཆེ་བའི་སྐབས་ཡིན་པས། དེའི་ཚེ་དབང་སྟེགས་དངོས་སུ་བྲིས་ནས་དེར་སློབ་མ་རེ་རེ་ནས་བསྐུར་བ་གཙོ་བོར་གསུངས། ཕྱི་མ་ལ་དབང་སྟེགས་ཡོད་མེད་ཀྱི་བྱེ་བྲག་