R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦བ
[A:༦བ]ཡང་མི་འཐད་པར་གསུངས། ཞེ་འདོད་ཀྱི་ལན་ལ་སེམས་བསྐྱེད་ཀྱི་ཡི་གེ་དེ་གསར་དུ་རྙེད་པ་དང་། དེ་ལ་ལུང་གི་རྒྱུན་ཙམ་མེད་དུ་ཆུག་ཀྱང་། དེ་ཙམ་གྱིས་སེམས་བསྐྱེད་ཀྱི་བརྒྱུད་པ་མེད་པར་མི་འགྲོ། དེ་བས་ཁྱེད་རང་རྒྱུད་སྡེ་ནས་བཤད་པའི་དབང་གི་སྔོན་འགྲོའི་སེམས་བསྐྱེད་ཅིག་མི་འདོད་ན་ཤིན་ཏུ་སྐལ་བ་དམན། འདོད་ན་སངས་རྒྱས་ནས་རྗེ་བཙུན་རྩེ་མོ་ཡན་ཆད་དུ་སེམས་བསྐྱེད་ཀྱི་ཡི་གེ་དེ་མེད་ཀྱང་། དེའི་བརྗོད་བྱ་དང་མཐུན་པའི་སེམས་བསྐྱེད་ཀྱི་སྡོམ་པའི་རྒྱུན་ཡོད་པ་དང་། རྗེ་བཙུན་ནས་ངོར་ཆེན་རྡོ་རྗེ་འཆང་གི་བར་དུའང་བདེ་ཀྱེ་གཉིས་ཀྱི་དབང་གི་སྔོན་དུ་ཡི་གེ་དེ་དང་མཐུན་པའི་སེམས་བསྐྱེད་ཀྱི་སྡོམ་པའི་ཕྱག་ལེན་མ་ནོར་བ་ཡོད་པས། ཕྱག་ལེན་དེ་དང་མཐུན་པའི་ཡི་གེ་སུ་ཞིག་གིས་བྱས་ཀྱང་དེའི་སྟེང་ནས་སེམས་བསྐྱེད་བྱ་རུང་སྟེ། དཔེར་ན་དབང་ཆུ་ཆེན་མོའི་ལུང་མ་ཐོབ་ཀྱང་། ཀྱེ་རྡོར་མན་ངག་ལུགས་ཀྱི་དབང་ཐོབ་ལ་མ་ཉམས་པའི་རྡོ་རྗེ་སློབ་དཔོན་ཞིག་གིས་དེའི་སྟེང་ནས་དབང་བྱར་རུང་བ་དང་། ཀརྨ་ཤ་ཏཾ་ལྟ་བུའི་སྟེང་ནས་སྡོམ་པ་ཐོབ་ལ་མ་ཉམས་པའི་མཁན་པོ་ཞིག་གིས་ལས་ཆོག་ཚད་མ་གང་རུང་ཞིག་གི་སྟེང་ནས་སྡོམ་པ་འབོགས་རུང་བ་བཞིན་དང་། སྙན་བརྒྱུད་ཡི་གེར་བྲིས་པ་ཐམས་ཅད་ལ་དེས་མཚོན་ཞིང་། དེས་ན་རྗེ་བཙུན་ཆེན་པོས་མཛད་པའི་ཡི་གེ་དེ་ནི་རྒྱུད་སྡེ་ནས་བཤད་པའི་སེམས་བསྐྱེད་ཀྱི་ཆོ་ག་ཐུན་མོང་མ་ཡིན་པ་ཡིན། དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་མ་ཡིན་པས། དབུ་མ་ལུགས་ཀྱི་སེམས་བསྐྱེད་ལམ་འབྲས་པ་ལ་ཡོད་མེད་ཅི་ལྟར་ཡང་ལུགས་འདིའི་སེམས་བསྐྱེད་བྱེད་པ་ལ་ཕན་གནོད་གང་ཡང་མེད་གསུང་པའི་ལན་མཛད་དོ། །རྒོལ་