R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༦ན
[A:༦༦ན]གིས་སློབ་དཔོན་གྱི་དབང་བསྐུར་ཚུལ་གཉིས་ཀ་མཛད་ཅིང་། ཕྱག་ལེན་དེ་གཉིས་ཀ་ཁོ་བོ་ཅག་ལའང་ཡོད་མོད། ཕྱི་མ་གཙོ་བོར་མཛད་པ་ནི་སློབ་དཔོན་ལ་སློབ་མས་ཁྲོ་བ་དང་། སློབ་དཔོན་འཕྲིན་ལས་ཆེན་པོ་ལ་དགོས་པ་གཞན་ཡོད་པ་སོགས་དགག་དགོས་ཀྱི་ཡིན་ཚུལ་པཎ་ཆེན་གྱི་གསུང་ཇི་ལྟ་བ་བཞིན་གསུངས་ནས། དེ་ལྟ་ནའང་དབང་ཆུ་དང་མི་འགལ་ཏེ། དེར་ནི་དངོས་བསྟན་དབང་རིམ་ཅན་པའི་དབང་དུ་མཛད་པའི་ཕྱིར་རོ་གསུངས། དོན་ཚན་གསུམ་པ་ལ་རྒོལ་བའི་ལག་ལེན་དེ་ལུང་དང་མི་མཐུན་པ་དང་། རིགས་པ་དང་འགལ་ཚུལ་གཉིས་སུ་མཛད་ནས། དང་པོ་ལ། དབང་ཆུ་གཉིས་ཀྱི་དངོས་བསྟན་ལྟར་བྱེད་ན་བཀའ་སྲོལ་འདི་ལ་དབང་གོང་མ་གསུམ་ཡང་སློབ་མ་རེ་རེ་ནས་བྱ་དགོས་ཏེ། སློབ་དཔོན་རིན་པོ་ཆེའི་འགྲེལ་པ་ལུགས་ཀྱི་དཀྱིལ་ཆོག་ལས། སློབ་མ་རེ་རེ་ལ་དབང་བཞི་ཅིག་ཅར་རམ་རིམ་ཅན་དུ་བསྐུར་བར་བྱ་བ་ཡིན་པས་ཞེས་དང་། མན་ངག་ལུགས་ཀྱི་དབང་ཆུ་ལས། དེ་ལ་རབ་མཚན་གཅིག་ལ་དབང་བཞི་པོ་འདི་རྫོགས་པར་བསྐུར་ན་དབང་གི་མཐའ་རྟེན་ཡང་ཐ་དད་དུ་བྱེད་དོ། །དེའང་བུམ་དབང་གི་མཐའ་རྟེན་རྗེས་གནང་། གསང་དབང་གི་ལུང་བསྟན། ཤེས་རབ་ཡེ་ཤེས་ཀྱི་དབུགས་དབྱུང་། དབང་བཞི་པའི་མཐའ་རྟེན་གཟེངས་བསྟོད་དོ། །དེ་དག་ཀྱང་སློབ་མ་རེ་རེ་ནས་རྫོགས་པར་བསྐུར་བའི་ལུགས་ཡིན་ནོ་ཞེས་བཤད་པའི་ཕྱིར་རོ། དེས་ན་དབང་གོང་མ་གསུམ་མ་ཐོབ་ན་རྫོགས་རིམ་དང་འབྲེལ་པའི་ཉམས་ལེན་རྣམས་ཉམས་སུ་ལེན་མི་རུང་ལ། ལྗོན་ཤིང་ལས་སློབ་དཔོན་གྱི་དབང་རྫོགས་པར་ཐོབ་ནས་མཆོག་ཐུན་མོང་གི་མངོན་