R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༦བ
[A:༦༦བ]རྟོགས་མཐའ་དག་ཉམས་སུ་བླང་རུང་བར་གསུངས་པས། ལུགས་འདི་ལ་སློབ་དཔོན་གྱི་དབང་ནི་དབང་བཞི་ཆར་ལ་ངོས་འཛིན་པ་ཡིན་ཅིང་། བདེ་མཆོག་སོགས་ལ་ནི་མི་མཚུངས་ཏེ། དེ་དག་ལས་ནི་ཡོ་ག་དང་སྒོ་བསྟུན་ནས་དམ་ཚིག་གསུམ་སྦྱིན་པ་ལ་སློབ་དཔོན་གྱི་དབང་དུ་བཤད་པས་སོ། །དེ་ལ་དགོངས་ནས་ས་ཆེན་གྱིས་བདེ་མཆོག་དཀྱིལ་ཆོག་ལས་བརྟུལ་ཞུགས་ཀྱི་དབང་སོང་ནས་སློབ་མའི་རིགས་ཅན་རྣམས་བཀྱེ་སྟེ་སློབ་དཔོན་གྱི་འོས་སུ་གྱུར་པ་གཅིག་ལ་དམ་ཚིག་གསུམ་མཐའ་རྟེན་དང་བཅས་པ་བྱིན་ནས་སླར་ཐམས་ཅད་ལ་གོང་མ་གསུམ་བསྐུར་བའམ། ཡང་ན་བརྟུལ་ཞུགས་ཀྱི་རྗེས་ལ་ཐམས་ཅད་ལ་ཐུན་མོང་དུ་གོང་མ་གསུམ་བསྐུར་ནས། ཕྱིས་སློབ་དཔོན་གྱི་འོས་སུ་གྱུར་པ་དག་ལ་དམ་ཚིག་གསུམ་འཁོར་དང་བཅས་པ་སྦྱིན་པར་གསུངས་པ་ཡིན་ནོ། །དེས་ན་ཁྱེད་ཀྱི་ལག་ལེན་དེ་ནི་བདེ་ཀྱེ་གཉིས་སོ་སོར་མ་ཕྱེད་ཅིང་། དབང་ཆུ་གཉིས་པོ་གང་གི་དབང་སྐུར་ཚུལ་དང་མི་མཐུན་ལ། ནུབ་གཅིག་ལ་དབང་བཞི་རྫོགས་པར་སློབ་མ་རེ་རེ་ནས་བསྐུར་བ་དང་། གཅིག་ཅར་དུ་བསྐུར་བའི་ལུགས་གཉིས་ཀ་ཡོད་པ་ནི་སྔར་གྱི་དབང་ཆུ་ཆེན་མོའི་ལུང་དེའི་དངོས་ཤུགས་ཀྱིས་བསྟན་པ་ཡིན་གསུངས། རྒོལ་བའི་ལག་ལེན་རིགས་པ་དང་འགལ་བ་ལ། སློབ་དཔོན་གྱི་དབང་དེ་ཉེར་ལྔ་ཚུན་གྱི་སློབ་མ་ཇི་ཙམ་ཡོད་པ་ལ་ཅིག་ཅར་རུང་བར་ཐལ། སློབ་དཔོན་གྱི་དབང་དེ་དངོས་གཞིའི་དབང་ཡིན། དངོས་གཞིའི་གྲངས་ངེས་སྟ་གོན་དང་། སྟ་གོན་གྱི་གྲངས་རྗེས་བཟུང་ལ་ལྟོས་པ་ནི་གང་ཞིག ཉེར་ལྔ་ཚུན་གྱི་གྲངས་ཟུང་དུ་མ་གྱུར་པ་དུ་མ་ཅིག་ཅར་དུ་རྗེས་སུ་འཛིན་རུང་བའི་ཕྱིར། རྟགས་