R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༧བ
[A:༦༧བ]བླུན་པོ་བསླུ་བ་དེ། །དམ་པ་རྣམས་ནི་སྡོམ་གསུམ་ལས། །མདོར་ན་ཆོས་ཀྱིས་ཅི་བྱེད་སོམས། །སངས་རྒྱས་བྱེད་ན་ཆོས་བཞིན་གྱིས། །གསུངས་པའི་སྙིང་གཏམ་ཡིད་ལ་གཅགས། །ཞེས་པ་དང་། སློབ་དཔོན་དབང་བསྐུར་དབང་ཆུ་ཡི། །དངོས་བསྟན་ཡིན་པར་གཉིས་ཀ་མཐུན། །དབང་ཆུ་གཉིས་དང་འགལ་བ་ཅི། །སློབ་དཔོན་དབང་ནི་དུས་གཅིག་ལ། །ཁས་ལེན་དགོས་པ་ཆོས་གྲགས་ཀྱིས། །ནན་གྱིས་ཁྱོད་འདི་འདོད་ཅེས་པ། །གསལ་བར་དབང་ཕྱུག་སྤྱོད་པ་ཡིན། །ཇི་སྐད་གསུངས་པ་དེ་འདྲར་ཤེས། །མདོར་ན་ཚིག་རྐང་གསུམ་པོའི་དོན། །དབང་ཆུའི་དངོས་བསྟན་ཡིན་པ་ལ། །ཇི་སྐད་སྨྲས་པའི་སུན་འབྱིན་རྣམས། །སློབ་དཔོན་དགག་པ་ཁོ་ནར་སོང་། །དེ་འདྲ་ངོར་པ་ཆེན་པོ་ཡང་། །བཞེད་པར་དཀའ་ཞིང་སྙོམ་ལས་ཅན། །རྗེས་འབྲང་འགའ་ཡིས་བརྫུན་སྒྲིབ་བྱས། །མཁས་པས་སླན་ཆད་མ་བྱེད་ཅིག །ཅེས་གསུངས་ཤིང་། ཡང་སྒྱི་ཆུ་བ་བུདྡྷ་ཤྲཱིའི་ནོར་བུའི་ཕྲེང་བར་ཚངས་པའི་རིག་སྔགས་ཀྱི་བཞེད་པ་རགས་རིམ་བཀོད་པའི་རྗེས་སུ། དེས་ནི་ཁྱོད་ཇོ་བོ་བཟང་བའི་ནང་དུ་བགྲང་བར་བྱ་བ་ཡིན་ལ་ཞེས་ཚངས་པའི་རིག་སྔགས་ལས་བདེན་ལན་མཛད་པ་ལྟ་བུར་གསུངས་ནས། རྣམ་པ་གཅིག་ཏུ་ན་སློབ་དཔོན་རིན་པོ་ཆེས་དབང་བསྐུར་བ་དེ་ཡང་སངས་རྒྱས་ནས་བརྒྱུད་པ་མ་ཆད་པ། སྔོན་གྱི་ལས་ཀྱི་ཆོ་ག་མཐོང་བ། ཆོ་ག་ལ་མཁས་པ་བྱིན་རླབས་དང་ལྡན་པ་སྦྱང་གཞི་སྦྱོང་བྱེད་ངོ་འཕྲོད་པ། །ཆོ་ག་གང་བྱེད་རྫོགས་པར་ཐོབ་པ་བྱས་པ་ཅིག་དགོས་ཀྱི། དབང་བསྐུར་བྱས་ཀྱང་ཡིད་བརྟན་མི་རུང་བ། ཅི་ཡིན་གཏོལ་མེད་པ། བླུན་པོ་བསླུ་བ་འདྲ་བ་ཞེས་པ་ནི་ཐུགས་ལ་འཛེམ་