R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༩བ
[A:༦༩བ]རྒྱས་ཐམས་ཅད་དེ། །ཞེས་སོགས་ཀྱིས་ངོ་སྤྲོད་ལ། །འདི་ནི་མདོ་ཙམ་ཡིན་ལ། རྡོར་དྲིལ་གཉིས་ཀའི་དེ་ཉིད་གསལ་པོ་ནི་སློབ་དཔོན་གྱི་ཚེ་སྟོན་པ་དེའོ། འོ་ན་བདུན་ཀའི་སྐབས་སུ་དབང་རྫས་དག་པ་བཞིས་བྱིན་གྱིས་བརླབས་པར་བཤད་པས། དབང་ཕྱི་མ་གཉིས་ཀྱི་ཚེ་དབང་རྫས་ཀྱི་དག་པ་བཞི་གང་ཞེ་ན་ལམ་དུས་སུ་ནི་རྡོར་དྲིལ་གཉིས་པོ་དེ་ལྟར་བྱིན་གྱིས་བརླབས་མ་ཐག་པ་དེ་ལྷའི་བདག་ཉིད་ལ་སོ་སོའི་དེ་ཉིད་ཚང་བར་ངོ་སྤྲད་ནས་བྱིན་པའི་མོས་པ་ལས་འོས་མེད། རྒྱུ་དུས་སུ་མཚན་གཅིག་ལ་བདུན་ཀ་བསྐུར་བའི་ཚེ་གོང་མ་དང་འདྲ་ལ། བརྟུལ་ཞུགས་དང་སློབ་དཔོན་གྱི་བར་དུ་ལོ་ཟླས་ཆོད་པའི་ཚེ་སློབ་མ་དབང་སྟེགས་ལ་བཞག་རྗེས་རིག་དབང་སློབ་དཔོན་དབང་གི་ཡན་ལག་ཏུ་བསྐུར་ནས་དམ་ཚིག་གསུམ་སྟེར་དགོས་པས་དབང་རྫས་ལ་ཡོངས་དག་བཞི་གྲུབ་ལ། རྗེ་བཙུན་གྱིས་སློབ་དཔོན་གྱི་དབང་རྫས་ལ་དག་པ་བཞི་མི་དགོས་སམ་སྙམ་པའི་དོགས་པ་དང་། དེ་སེལ་བྱེད་གསུངས་པའང་དེ་ཡིན་ལ། བརྟུལ་ཞུགས་ཀྱི་ཚེ་དོགས་པ་དང་དེ་སེལ་བྱེད་གསུངས་པ་ནི། རྡོ་རྗེའི་དབང་ནི་གོང་དུ་ཟིན། འདིར་དེ་སྟེར་བ་ནི་གཞན་ཞིག་གོ་སྙམ་པ་དེ་སེལ་བྱེད་དུ་གོང་གི་རྡོ་རྗེ་དེ་སློབ་མའི་ལག་ན་ཡོད་པ་སློབ་དཔོན་གྱིས་བླངས་ཏེ་བྱིན་གྱིས་བརླབས་ནས་སློབ་མའི་སེམས་ཀྱི་དྲི་མ་འཁྲུད་པར་བྱེད་པའི་ཕྱིར་ཞེས་སོ། །ཁྱེད་ཀྱིས་ནི་རྗེ་བཙུན་གྱི་ལམ་དུས་ཀྱི་ཡི་གེ་དེས་རྩེ་མོའི་དབང་ཆུ་གཉིས་བཀག་ཅེས་པར་སོང་ཞེས་གསུངས་ལ། འདི་དག་ནི་པཎ་ཆེན་གྱིས་གསུང་མང་པོ་རྣམས་ཧ་ཅང་བསྡུས་པ་རང་མ་ཡིན་པར་སྙིང་པོ་བཀོད་པ་ཡིན་པས། རྣམ་ཐར་སྒོ་བརྒྱད་པའི་ཚིག་རིགས་དང་མ་མཐུན་ནོ་སྙམ་པ་བྱ་