R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༠ན
[A:༧༠ན]མི་རིགས་སོ། ཡང་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་རྡོ་རྗེའི་འཁྲུལ་འཁོར་གྱི་ཟེགས་མ་ལས། འོ་ན་བརྟུལ་ཞུགས་དང་སློབ་དཔོན་གྱི་དབང་རྫས་ལ་ཡན་ལག་བཞི་རྫོགས་ཀྱི་བསྐྱེད་ཆོག་དགོས་པར་ཐལ། རྗེ་བཙུན་གྱིས་དགོས་པར་གསུངས་པའི་ཕྱིར། འདོད་ན་མི་དགོས་པར་ཐལ། རྗེ་བཙུན་གྱིས་མི་དགོས་པར་གསུངས་པའི་ཕྱིར་ཏེ། འདི་སྐབས་ཀྱི་ལམ་དུས་ཀྱི་དབང་དང་རྒྱུ་དུས་ཀྱི་དབང་ལྷ་དམ་ཚིག་པ་བསྐྱེད་པའི་རྒྱས་བསྡུས་ཙམ་མ་གཏོགས་གཞན་ཁྱད་པར་མེད་པར་གསལ་བར་གསུངས་པའི་ཕྱིར་དང་། རྒྱུད་དུས་ཀྱི་དབང་ལ་དེ་ལྟར་མི་དགོས་པ་རྗེ་བཙུན་རྩེ་མོའི་དབང་ཆུ་དང་འཕགས་པ་རིན་པོ་ཆེའི་བདག་འཇུག་གཉིས་ལས་གསལ་བར་བཤད་ཅིང་། དེར་མ་ཟད་གོང་མའི་ཡི་གེ་ཆོས་རྗེ་བླ་མ། ཐེག་ཆེན་ཆོས་རྗེ་སོགས་སུས་ཀྱང་ཁྱེད་འདོད་པ་ལྟར་གྱི་བསྐྱེད་ཆོག་ཡེ་མ་གསུངས་སོ། །དེས་ན་རྗེ་བཙུན་གྱིས་བདག་དང་དབང་རྫས་ལ་ཡན་ལག་བཞི་རྫོགས་ཀྱི་བསྐྱེད་ཆོག་དགོས་པར་གསུངས་པ་གཙོ་ཆེ་བ་ལ་དགོངས་པ་ཡིན་གྱིས་རེ་རེ་ནས་ཁྱབ་མཐའ་འཛིན་པ་མ་ཡིན་ནོ། དེ་ཡིན་ན་མིང་དབང་ལ་དབང་རྫས་ངེས་པར་དགོས་པ་དང་། དེང་སང་ལག་ལེན་ལ་རྡོ་རྗེ་དྲིལ་བུ་སྤྱི་བོར་བཟུང་ནས་མིང་དབང་བསྐུར་དུས་ཀྱང་དབང་རྫས་དེ་ལ་བསྐྱེད་ཆོག་སུས་ཀྱང་མི་བྱེད་པ་སོགས་ལ་ཐུགས་གཞིབ་མཛད་པ་ཞུ་ཞེས་གསུངས་ལ། མཁས་པའི་དབང་པོ་དཀོན་མཆོག་ལྷུན་གྲུབ་ཀྱིས་ཚངས་པའི་རིག་སྔགས་སུ་དངོས་བསྟན་གྱི་རྒོལ་ཚུལ་མ་ཤེས་པས་རྗེ་བཙུན་ལ་སྐུར་པ་བཏབ་པར་བསྟན་པ་དང་། ཞེ་འདོད་ཀྱི་ལན་བཏབ་སྟེ་རྒོལ་བ་པོ་ཉེས་པ་ཅན་དུ་བསྟན་པ་དང་གཉིས་