R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༡ན
[A:༧༡ན]ཡན་ལག་བཞི་དང་། བསྡུས་པ་ཕྱི་མ་ནི་དམ་ཚིག་སེམས་དཔའ་དབུ་རྒྱན་རང་ཆས་ཅན་དུ་སྐད་ཅིག་ལས་བསྐྱེད་པ་རྣམས་ཡིན་པར་ལྗོན་ཤིང་ལས་བཤད་དོ། །དེ་ལྟར་ན་འགྲེལ་པ་ལུགས་ཀྱི་བརྟུལ་ཞུགས་དང་སློབ་དཔོན་གྱི་དབང་རྫས་ལ་དྲངས་མ་ཐག་པའི་བསྐྱེད་ཆོག་འབྲིང་པོ་དེ་སྦྱར་བ་ཡིན་ཞིང་། མན་ངག་ལུགས་ཀྱི་དེ་གཉིས་ལ་བསྡུས་པ་ཕྱི་མ་དེ་སྦྱར་བ་ཡིན་ཏེ། དང་པོ་ལ་རྡོར་དྲིལ་གྱི་ལྷ་ཐམས་ཅད་ལ་ཡན་ལག་བཞི་རྫོགས་དངོས་སུ་མཛད་པའི་ཕྱིར་དང་། ཕྱི་མ་ལ་རྡོ་རྗེ་ལ་ལྷ་ཉི་ཤུ་རྩ་བརྒྱད་དང་། དྲིལ་བུ་ལྷ་ཉི་ཤུ་རྩ་གསུམ་སྐད་ཅིག་གིས་བསྐྱེད་པའི་ཕྱག་ལེན་དེ་གཉིས་སོ་སོར་མཛད་པའི་ཕྱིར་རོ། འོ་ན་བསྐྱེད་ཆོག་ཕྱི་མ་དེ་ལ་ཡན་ལག་བར་པ་གཉིས་དངོས་སུ་མེད་པས་བཞི་རྫོགས་སུ་མི་རུང་ངམ་སྙམ་ན། དེ་ནི་རྗེ་བཙུན་སྐུ་མཆེད་ལ་ཀླན་ཀར་འགྱུར་ལ། དེས་ན་རྗེ་བཙུན་གྱི་གསུང་དེ་དང་ཁོ་བོ་ཅག་གི་ཕྱག་ལེན་ལ་མི་མཐུན་པ་ཅུང་ཟད་ཀྱང་མེད་ཅིང་། མན་ངག་ལུགས་ལ་བསྐྱེད་ཚུལ་དེ་ཙམ་གྱིས་ཆོག་པ་ནི། དབང་ཆུ་ལས་བརྟུལ་ཞུགས་ཀྱི་ཚེ་རྡོ་རྗེ་མི་དམིགས་ཏེ་སྟོང་པའི་ངང་ལས་ཧཱུྃ་ཡོངས་སུ་གྱུར་པ་ལས་རྡོ་རྗེར་བསྐྱེད་ལ། དེ་ལ་དེ་བཞིན་གཤེགས་པ་ལྔ་དང་། ཡུམ་ལྔ་དང་། སེམས་དཔའ་བརྒྱད་དང་། ལྷ་མོ་ལ་སོགས་པ་རྡོ་རྗེའི་དེ་ཁོ་ན་ལྟར་ཡོངས་སུ་རྫོགས་པར་མོས་པ་བསྐྱེད་ལ་ཞེས་དང་། དེ་ལ་དམ་ཚིག་གསུམ་བྱིན་པ་ནི་རྡོ་རྗེ་ལག་ཏུ་བླངས་ལ། ཧཱུྃ་ལས་རྡོར་དྲིལ་གཉིས་དེ་ཁོ་ན་ཉིད་རྫོགས་པར་དྲན་པས་ལྷའི་རྣལ་འབྱོར་མོས་པ་བསྐྱེད་ལ་ཞེས་དང་། དྲིལ་བུ་བླངས་ལ་ཨའི་ཡི་གེ་ལས་དྲིལ་བུའི་དེ་ཁོ་ན་ཉིད་རྫོགས་པར་དྲན་པས་དྲིལ་བུར་བསྐྱེད་ལ་ཞེས་