R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༡བ
[A:༧༡བ]འབྱུང་གི བཞི་རྫོགས་དངོས་སུ་བྱ་དགོས་པ་མ་གསུངས་པས་བསྟན་པ་ཡིན་ལ། དེ་ཁོ་ན་ཉིད་རྫོགས་པར་དྲན་པས་ཞེས་པ་དེས་བཞི་རྫོགས་དངོས་སུ་བྱ་དགོས་པར་བསྟན་སྙམ་ན། རྡོར་དྲིལ་གྱི་ཡོངས་དག་བཞི་རྡོར་དྲིལ་གྱི་དེ་ཁོ་ན་ཉིད་ལ་འཆད་པའི་དཔྱོད་ལྡན་སུ་ཞིག་འབྱུང་ལེགས་པར་སོམས་ཤིག་གསུངས་པར་མཛད་ལ། གཉིས་པ་ལ་ཁྱེད་ཀྱིས་བརྟུལ་ཞུགས་དང་སློབ་དཔོན་གྱི་དབང་རྫས་ལ་ཡོངས་དག་བཞི་བྱེད་པ་དེ་ཁྱེད་རང་གི་བླ་མ་ཀུན་རྒྱལ་བའི་ཀྱེ་རྡོར་དཀྱིལ་ཆོག་ལྟར་བྱེད་ན་དཀྱིལ་ཆོག་དེར་ནི་རྡོར་དྲིལ་གཉིས་རྡོར་སེམས་ཡབ་ཡུམ་དུ་བསྐྱེད་ནས། དེ་ཞུ་བ་ལས་རྡོ་རྗེ་དེ་སྟེར་བར་བཤད་ལ། དེ་ནི་དབང་ཆུ་ལས་རྡོ་རྗེ་ལ་རིགས་ལྔ་སོགས་བསྐྱེད་པར་བཤད་པ་དང་འགལ་བས་བཀའ་སྲོལ་གཉིས་པོ་གང་ལའང་མི་རུང་། གལ་ཏེ་འགྲེལ་ལུགས་ཀྱི་དབང་ཆུ་ལས་ས་ཆོག་ལ་ཁ་འཕངས་པ་བཞིན་ནོ་སྙམ་ན། སློབ་དཔོན་རིན་པོ་ཆེའི་འགྲེལ་ལུགས་ཀྱི་དབང་ཆུ་ལས་རྡོར་དྲིལ་ལ་ལྷ་རིགས་ལྔ་སོགས་བསྐྱེད་པའི་ས་ཆོག་ལ་ཁ་འཕངས་མཛད། ཁྱོད་ཀྱིས་ས་ཆོག་གི་སྐབས་སུ་ཁ་འཕངས་ཀྱི་ལྷ་དེ་རྣམས་མ་བསྐྱེད་པར་རྡོ་རྗེ་འོད་དཔག་མེད་དང་། དྲིལ་བུ་དོན་ཡོད་གྲུབ་པར་བསྐྱེད་པས་ནོར་བ་ཡིན་ལ། ཡང་རྗེ་བཙུན་གྱིས་མཛད་པའི་དེ་ཁོ་ན་ཉིད་ཀྱི་ཡི་གེ་དེ་ལ་ཁུངས་སུ་འདོད་ན། དེ་ནི་རྩེ་མོའི་སམྦུ་ཊའི་ཊཱིཀ་ཆེན་དང་མི་མཐུན་པས་རྔོག་ལུགས་པ་ཞིག་གི་བྱས་ཀྱི། རྗེ་བཙུན་གྱིས་མཛད་པ་མ་ཡིན་ལ། ཇི་ལྟར་མི་མཐུན་སྙམ་ན། ཡི་གེ་དེར་རྩེ་དགུ་པ་ནི་དམ་ཚིག་རྡོ་རྗེ། རྩ་ལྔ་པ་ཡེ་ཤེས་ཀྱི་རྡོ་རྗེ་ཞེས་འབྱུང་བ་དང་། ཊཱིཀ་ཆེན་ལས་རྡོ་རྗེ་མཁའ་འགྲོར་རྩེ་དགུ་པ་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་ལྔ་པ་དམ་ཚིག་གི་རྡོ་རྗེ་ཞེས་