R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༥བ
[A:༧༥བ]བཤད་པའི་ཡིག་འབྲུ་ལྔ་པོ་དེ་ལས་བསྐྱེད་དགོས་པ་ལ། དེ་འདྲ་སུས་ཀྱང་མ་བཤད་པའི་ཕྱིར་རོ། །དེས་ན་གནས་དེ་དག་གི་རྩ་ཡིག་ཧཱུྃ་ལ་སོགས་པའི་རྣམ་པར་གནས་པ་རྣམས་དེ་དང་དེར་བསྐྱེད་པ་ལས་དེ་བསྐྱེད་ཅེས་བརྗོད་པ་ལ་དགོངས་ནས་ཨཾ་ལས། ཧཱུྃ་ལས་སོགས་གསུངས། ངོ་བོ་རྩ་ཡི་གེའི་རྣམ་པར་གནས་པ་དེ་ཉིད་ཀ་ལྷར་བསྐྱེད་རྒྱུ་ཡིན་པས། ལས་དང་པོ་པ་རྣམས་གོ་བདེ་བ་དང་། བླུན་པོ་རྣམས་ལ་འདི་ལྟ་བུའི་ལོག་རྟོག་སྐྱེ་བ་དགག་པའི་ཕྱིར་ཨཾ་རིན་ཆེན་འབྱུང་ལྡན་སོགས་གསལ་བར་གསུངས། དོན་ལ་ཁྱད་པར་མེད་པ་ནི་གནད་ཀྱི་བཤད་པ་ཡིན་ནོ་ཞེས་གསུངས་ལ། ཡང་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་ཚངས་པའི་རིགས་སྔགས་སུ་འབྱུང་ཁུངས་ཀྱི་དོན་ཅུང་ཟད་བཤད་པ། སྐབས་དོན་གྱི་རྩོད་ལན་ཕྱེ་སྟེ་བཏབ་པ་དང་དོན་ཚན་གཉིས་སུ་མཛད་ནས། དང་པོ་ལ། ཁྱེད་ཀྱི་འབྱུང་ཁུངས་ཀྱི་ཚིག་ཅེས་པ་དེ་སངས་རྒྱས་ལས་ཆོས་འབྱུང་། ཉི་མ་ལས་འོད་ཟེར་འབྱུང་། སྤྲིན་ལས་ཆར་འབྱུང་ཞེས་པ་ལྟ་བུ་ལ་འབྱུང་ཁུངས་ཀྱི་ཚིག་ཅེས་བཤད་པས། དེ་འདིར་ཡང་སྦྱར་ན་ཨཾ་ལས་རིན་ཆེན་འབྱུང་ལྡན་འབྱུང་ཞེས་པ་ལྟ་བུར་འགྱུར་བས། དེའི་ཚེ་ཨཾ་ལས་བྱུང་བའི་རིན་འབྱུང་ཨཾ་ཉིད་ལས་ལོགས་པ་ཞིག་འདོད་དགོས་པ་སྔ་མ་དེ་རྣམས་ཀྱི་རིགས་པས་ཤེས་ཤིང་དེ་ནི་སྐབས་འདིར་མི་རུང་སྟེ། ཨཾ་ལས་ལོགས་སུ་གྱུར་པའི་རིན་འབྱུང་ཞིག་སྤྲུལ་འཁོར་གྱི་དབུས་སུ་བསྒོམ་པ་ཚད་ལྡན་སུས་ཀྱང་མ་བཤད་པའི་ཕྱིར་ཞེས་སོགས་གསུངས། དོན་ཚན་གཉིས་པ་ལའང་ཡིན་ལུགས་ཀྱི་གོ་བ་ཆགས་པ་ལ་ཕྱོགས་གཉིས་མི་འགལ་བ་དང་། དང་པོའི་ལས་ཅན་ལ་ངག་འདོན་ཅིག་ཤོས་