R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༩བ
[A:༧༩བ]ཅད་ལྷར་ཁས་ལེན་དགོས་ཏེ་བསྐྱེད་རིམ་གྱི་སྦྱང་གཞི་སྦྱོང་བྱེད་སྦྱར་བའི་རིགས་པས་དཔྱད་པའི་ཚེ་ལྷ་མ་ཡིན་པའི་སྣང་བ་གང་ཡང་མེད་པའི་ཕྱིར་རོ། །གསུམ་པའི་ཚེ་ལྷ་ཡིན་པ་དང་མ་ཡིན་པ་སོགས་མཐའ་གང་ཡང་ཁས་མི་ལེན་ཏེ། སྤྲོས་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ་ཞེས་གནས་སྐབས་གསུམ་དུ་ཕྱེ་ནས་གསུངས་པ་ལྟར་འདིར་ཡང་འཆད་དགོས་ཤིང་། དེ་ལྟར་བཤད་པ་དེའི་ཚེ་གནས་སྐབས་དང་པོའི་ཚེ་སངས་རྒྱས་དང་སེམས་ཅན་སོགས་འདི་དང་འདིའོ་ཞེས་སོ་སོར་འབྱེད་པ་འཇིག་རྟེན་མཐུན་འཇུག་ལྟར་ཁས་ལེན་དགོས་ཤིང་། དེ་བཞིན་དུ་ཨཾ་དང་རིན་འབྱུང་ཡང་སོ་སོ་བ་ཡིན་པས་ཨཾ་ལས་ལོགས་སུ་གྱུར་པའི་རིན་འབྱུང་འདོད་དགོས་ཤིང་། གནས་སྐབས་གཉིས་པའི་ཚེ་སྣང་བ་ཐམས་ཅད་སེམས་སུ་ཁས་ལེན་པས་ན་སེམས་ལས་ལོགས་སུ་གྱུར་པའི་ཕྱི་རོལ་གྱི་དོན་མེད་ཅེས་འཆད་པ་དང་ཚུལ་མཚུངས་པར་ལུས་དཀྱིལ་སྒོམ་པའི་ཚེའང་ཨཾ་དེ་ཉིད་ཀ་རིན་འབྱུང་དུ་སྒོམ་པ་ཡིན་ཞིང་། དེ་ལྟར་བསྒོམ་པའི་རྣལ་འབྱོར་པ་དེའི་བློ་ངོ་ན་རང་གི་སྤྲུལ་འཁོར་གྱི་དབུས་སུ་ཨཾ་ལས་ལོགས་སུ་གྱུར་པའི་རིན་འབྱུང་མེད་དེ། དེའི་ཨཾ་དེ་ཉིད་ཀ་རིན་འབྱུང་དུ་བསྒོམ་པ་ཡིན་གྱིས་དེ་ལས་ལོགས་སུ་གྱུར་པའི་རིན་འབྱུང་བསྒོམ་རྒྱུ་མ་ཡིན་པས་སོ། །གནས་སྐབས་གསུམ་པའི་ཚེ་སྤྲོས་པ་ཐམས་ཅད་དང་བྲལ་བས་ན་ཨཾ་ལས་ལོགས་སུ་གྱུར་པའི་རིན་འབྱུང་ཡོད་མེད་ཀྱི་སྤྲོས་པའང་བཀག་སྟེ་བརྗོད་པ་དང་སྒོམ་པ་སོགས་ཐམས་ཅད་ཁས་ལེན་དང་བྲལ་བ་ཞིག་ཏུ་འཆད་དགོས་པ་འདྲ་སྙམ་ཏེ་དཔྱད་པར་བྱའོ། །དེས་ན་སྒྱི་ཆུ་བ་བུདྡྷ་ཤྲཱིའི་ཨཾ་ལས་ལོགས་སུ་གྱུར་པའི་རིན་འབྱུང་འདོད་དགོས་ཏེ། ཨཾ་ལས་