R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༠ན
[A:༨༠ན]བྱུང་བའི་རིན་འབྱུང་ཨཾ་ཉིད་ལས་ལོགས་སུ་གྱུར་པའི་ཕྱིར་ཞེས་པ་ལྟ་བུ་གནས་སྐབས་དང་པོ་ལ་དགོངས་པར་སོང་བས་དཔྱད་པ་དེ་ལུས་དཀྱིལ་གྱི་སྐབས་འདིར་འཇུག་པ་དཀའོ། །དེས་ན་ཕྱོགས་གཉིས་ཀྱི་གསུང་དེ་དག་གི་གོ་དོན་ལ་ལེགས་པར་བརྟགས་ན་ངག་འདོན་མ་མཐུན་པ་ཙམ་མ་གཏོགས། དོན་གྱི་ཆ་ལ་མི་མཐུན་པ་ཆེར་མེད་པ་འདྲ་སྙམ་པ་རང་ཉིད་ཀྱི་བློ་ལ་ཤར་བ་ཙམ་སྟེ། ད་དུང་བློ་གྲོས་དང་ལྡན་པ་དག་གིས་ལེགས་པར་དཔྱད་དགོས་སོ།། །།བདུན་པ་ལུས་དཀྱིལ་གྱི་ལྷ་ལ་རྒྱས་བཏབ་རིགས་མཚོན་ཡོད་མེད་ཀྱི་རྣམ་གཞག་ལ། མུས་སྲད་པ་ཆེན་པོའི་རྒྱས་བཏབ་རིགས་མཚོན་མེད་པ་དང་ཞེས་པའི་རྒྱས་བཤད་དུ། ཡང་ཁ་ཅིག་རྒྱས་བཏབ་ཀྱི་སྐབས་སུ་སམྦུ་ཊ་ལས། རྡོ་རྗེ་སེམས་དཔའ་ཞེས་བྱར་བཤད། །བདེ་བ་དམ་པ་རུ་ནི་བརྗོད། །ཅེས་པ་འཁོར་ལོ་དྲུག་ཏུ་འདོད་པ་རྣམས་ཀྱི་ལུགས་ལ་སྤྱི་གཙུག་གི་འཁོར་ལོ་རྡོ་རྗེ་སེམས་དཔའ་བསྒོམ་པ་ལ་འབྲུ་མནན་པས་ཆོག་མོད། མན་ངག་འདི་པའི་ལུགས་ལ་རྒྱས་འདེབས་ཀྱི་ལྷ་བསྟན་པ་ཡིན་ཅིང་། དེ་དང་མཐུན་པར་སློབ་དཔོན་དགྲ་ལས་རྣམ་རྒྱལ་གྱི་ཕྱག་རྒྱ་བཞིའི་རྒྱས་འདེབས་ལས། ཀུན་གྱི་དབང་བསྐུར་གནས་སུ་ནི། རྡོ་རྗེ་སེམས་དཔའ་ཟླ་བའི་མདོག །ཅེས་བཤད་པས་ལུས་དཀྱིལ་གྱི་ལྷ་ལ་རྡོ་རྗེ་སེམས་དཔས་རྒྱས་འདེབས་རྒྱུད་དང་རྒྱ་གར་བའི་དགོངས་པ་ཡིན་པར་གསལ་ལོ་ཞེས་ཟེར་ཞིང་། ངག་འདོན་གྱི་སྐབས་སུ་ལུས་དཀྱིལ་གྱི་ལྷ་ཐམས་ཅད་ལ་རྡོ་རྗེ་སེམས་དཔས་དབུ་བརྒྱན་ཟེར་རོ། །དེ་ལས་སམྦུ་ཊའི་ལུང་དེའི་རིགས་བདག་གི་རྒྱས་བཏབ་སྟོན་པ་གང་ལས་བཤད། གནད་ཀྱི་གསལ་བྱེད་ལས་