R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༠བ
[A:༨༠བ]ནི། གསང་བ་ལས་ནི་སའི་ཁམས། །ཞེས་པ་ནས་བརྩམ་ཏེ། ཆོས་ཀྱི་སྐུར་ནི་རབ་ཏུ་གྲགས། །ཞེས་པའི་བར་གྱིས་རང་བྱུང་གི་ཡེ་ཤེས་ཀྱི་མཚན་ཉིད་སྟོན་པ་ལས། དེ་ལ་རྒྱས་པར་བསྟན་པ་དང་། བསྡུས་ཏེ་བསྟན་པ་དང་། ཤིན་ཏུ་བསྡུས་ཏེ་བསྟན་པའོ། །དང་པོ་ལ་གསུམ། རྟེན་ཞུ་བ་འབྱུང་བ་ལྔར་བསྟན་པ། བརྟེན་པ་བདེ་བ་ཡེ་ཤེས་ལྔར་བསྟན་པ། དེ་ཉིད་རིགས་ལྔར་བསྟན་པ་ཞེས་གསུངས་པའི་རིགས་ལྔར་བསྟན་པའི་སྐབས་སུ། ཤིན་ཏུ་རྣམ་དག་ཡེ་ཤེས་ཆེ། །རྡོ་རྗེ་སེམས་དཔའ་ཞེས་བྱར་བཤད། །ཅེས་པའི་ཚིག་རྐང་གཉིས་བསྡེབས་ཏེ་མི་བསྐྱོད་པ་དང་རྡོ་རྗེ་སེམས་དཔའ་གཉིས་ཀ་ཕྱོགས་གཅིག་ཏུ་ཐམས་ཅད་བདག་ཉིད་ཀྱི་སྟོན་པའི་གཞུང་ཡིན་པས། དེ་ནི་རྒྱས་པར་སྟོན་པའི་སྐབས་ཡིན་ལ། བདེ་བ་དམ་པ་རུ་ནི་བརྗོད། །ཅེས་པ་ནི། བསྡུས་ཏེ་བསྟན་པ་ལ་རྟེན་ཐིག་ལེ་བསྡུས་ཏེ་བསྟན་པ་དང་། བརྟེན་པ་བདེ་སྟོང་བསྡུས་ཏེ་བསྟན་པ་གཉིས་ཀྱི། བརྟེན་པ་བདེ་སྟོང་བསྡུས་ཏེ་བསྟན་པ་ཡིན་པར་གསུངས་པས། གཞུང་མཚམས་ཀྱང་ཐ་དད་ཅིང་རིགས་བདག་གི་རྒྱས་གདབ་སྟོན་པར་དོགས་པའི་གནས་ཙམ་ཡང་མེད་ལ། རང་བློས་སྦྱར་བས་རྗེ་བཙུན་གོང་མའི་ལུགས་སུ་འགྱུར་རམ། སློབ་དཔོན་དགྲ་ལས་རྣམ་པར་རྒྱལ་བའི་གཞུང་ཡང་ཕོ་བྲང་དྲུག་པ་སྟོན་པའི་གཞུང་ཡིན། རིགས་བདག་གི་རྒྱས་གདབ་སྟོན་པའི་གཞུང་མ་ཡིན་ཏེ་གཞུང་གི་སྐབས་ལ་དཔྱད་པས་ཤེས་པ་ཡིན་ནོ། །དེ་ལྟར་ན་སྒྲུབ་བྱེད་རྣམ་པར་དག་པ་མེད་བཞིན་དུ། རྗེ་བཙུན་གྱི་གསུང་རྣམས་དོར་ནས་གཞན་དུ་སྨྲ་བ་འདི་ལ་དགོས་པ་ཅི་ཞིག་ཡོད། འོ་ན་རྗེ་བཙུན་གོང་མའི་གསུང་ལས་ཇི་ལྟར་བཤད་ཅེ་ན། སྲས་