R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨ན
[A:༨ན]དང་མཐུན་པར་སྨྲ་ནུས་སམ། །རང་ལ་ཁྱབ་པ་བསྒྲུབ་བྱས་ནས། །ཕྱོགས་ཆོས་གཞན་ལ་སྦྱོར་རམ་ཅི། །གང་ལྟར་བྱས་ཀྱང་བྱང་ཆུབ་སེམས། །མ་བསྐྱེད་པ་ལ་དབང་བསྐུར་བའི། །ཉེས་པ་ཁྱོད་ཀྱི་ཐོག་ཏུ་བབས། །བྱེད་ན་དེ་ཡིས་ཉེས་པ་ཅི། །བརྒྱུད་པ་མེད་པའི་སེམས་བསྐྱེད་ཅིག །མི་འདོད་བཞིན་དུ་ཁས་ལེན་ནམ། །ཐུན་མོང་མིན་པའི་སྐྱབས་འགྲོ་དང་། །སེམས་བསྐྱེད་ཆོ་ག་བྱེད་པ་ལ། །དབུ་མའི་ལུགས་ཀྱི་སེམས་བསྐྱེད་པ། །ལམ་འབྲས་པ་ལ་མེད་དོ་ཞེས། །རྣམ་པར་དཔྱོད་ལ་འབྲེལ་ཅི་ཞིག །ཅེས་གསུངས་པ་ཡིན་ནོ། །དོན་ཚན་དང་པོ་འདི་ལ་པཎ་ཆེན་དང་། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས། སྤྱིར་དབུ་མ་ལུགས་ཀྱི་སེམས་བསྐྱེད་ལམ་འབྲས་བརྒྱུད་པ་ལ་མེད་ཅེས་པ་ཕྱོགས་སྔར་བཀོད་ནས་དེའི་ལན་འདེབས་ཀྱང་མཛད་མོད། མུས་སྲད་པའི་ཆུ་རྒྱུན་བཞི་པར་ནི་དེ་འདྲ་དངོས་ཤུགས་གང་ལའང་བཤད་པ་མི་སྣང་ལ། གཞན་ཡང་དཀོན་མཆོག་ལྷུན་གྲུབ་ཀྱིས་ཡི་གེ་དེའི་སྟེང་ནས་ཆེན་པོ་སུས་ཀྱང་བྱས་པ་མེད་ཅེས་པ་ངོར་ཆེན་གྱི་གསུང་གང་ནའང་མེད་ཅེས་སོགས་ཀྱི་ལན་མཛད་པ་ནི་ཡི་གེ་མ་དག་པ་ཞིག་གཟིགས་པའི་གསུང་དུ་སྣང་སྟེ། མུས་སྲད་པའི་ཆུ་རྒྱུན་བཞི་པར་ལན་དེ་ལྟར་མཛད་དགོས་པའི་རྩོད་པ་མི་སྣང་བས་སོ་སྙམ་དུ་སེམས་ཏེ་དཔྱད་པར་བྱའོ། །ཡང་གོང་གི་དེའི་ལན་དུ་ཚར་ཆེན་ཆོས་ཀྱི་རྒྱལ་པོ་བློ་གསལ་རྒྱ་མཚོས་གསུང་ངག་རིན་པོ་ཆེའི་སྐབས་བརྒྱད་ལ་འཁྲུལ་པ་སྤོང་བ་རྡོ་རྗེའི་འཁྲུལ་འཁོར་གྱི་ཟེགས་མ་ཞེས་བྱ་བ་མཛད་པའི་ནང་དུ། བྱང་ཆུབ་སེམས་བསྐྱེད་མེད་པ་དང་། །རྗེས་འཛིན་མང་པོ་མེད་པ་དང་།