R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨བ
[A:༨བ] །སྟ་གོན་གཅིག་ལས་མེད་པ་དང་། །ལུས་དཀྱིལ་བསྐྱེད་གཞི་མེད་པ་དང་། །སློབ་དཔོན་གཅིག་ཏུ་ངེས་པ་དང་། །དབང་ཆོག་ལུང་ཁུངས་མེད་པ་དང་། །རིགས་གཙོའི་རྒྱས་འདེབས་མེད་པ་དང་། །དཔའ་བོའི་སྟོན་མོ་མེད་པ་རྣམས། །རྡོ་རྗེ་ཐེག་པ་སྤྱི་དང་ནི། །ཁྱད་པར་དཔལ་ལྡན་ས་སྐྱ་པའི། །བསྟན་ལ་གནད་བཅོས་བདུད་ཀྱི་ཚིག །ཡིན་ཕྱིར་ཐོས་ཀྱང་རྣ་བ་དགབ། །ཅེས་རྩ་ཚིག་གི་ཚུལ་གྱིས་མུས་སྲད་པ་ཆེན་པོའི་བརྒལ་བ་བརྒྱད་ཀྱི་ལན་ཕྱོགས་གཅིག་ཏུ་བཀོད་དེ་འགྲེལ་པའི་ཚུལ་དུ་ལན་དང་པོ་ལ། དེ་ལྟར་ན་རྗེ་བཙུན་བསོད་ནམས་རྩེ་མོའི་དབང་ཆུའི་སྟེང་ནས་ཀྱེ་རྡོར་གྱི་དབང་བྱེད་པ་མི་འཐད་ཅིང་བརྒྱུད་པ་མེད་པར་འགྱུར་ཏེ། འཕགས་པ་རིན་པོ་ཆེའི་ཞལ་སློབ་དམ་པ་ཀུན་དགའ་གྲགས། དགའ་ལྡན་པ་ཀུན་བསོད། ཞང་དཀོན་མཆོག་དཔལ་བ་སོགས་ཀྱིས་ཡི་གེ་དེའི་སྟེང་ནས་མ་ཐོབ་ཅིང་། ཕྱག་ལེན་ཡང་དེ་ལ་མི་བྱེད་པར་འཕགས་པའི་མངོན་དཀྱིལ་གྱི་སྟེང་ནས་མཛད་པས་སོ། །ཡི་གེ་དེ་གཉིས་ལ་ནང་སེལ་གྱི་ཁྱད་པར་ཅུང་ཟད་ཙམ་ལས་མེད་པས་རུང་ཟེར་ན། སེམས་བསྐྱེད་ཀྱི་ཡི་གེ་སྒོ་རུམ་ནས་ངོར་ཆེན་གྱི་གསར་དུ་རྙེད་པ་དེའི་སྟེང་ནས་སེམས་བསྐྱེད་བྱེད་པ་དང་། དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་གཉིས་ལའང་ནང་སེལ་གྱི་ཁྱད་པར་ཕྲ་མོ་ཙམ་ལས་མེད་པས་འདི་ལའང་མཚུངས། ཡི་གེ་འདིའི་ལུང་མཁན་ཆེན་ཤེས་རྡོར་བས་མ་ཐོབ་པ་སོགས་ཐལ་རོར་སྣང་སྟེ། ངོར་པའང་འདིའི་ལུང་མི་བྱེད་པའི་ཕྱིར། དེས་ན་སྤྱིར་བིརྺ་པ་དང་། ཁྱད་པར་རྗེ་བཙུན་ཆེན་པོ་ནས་བརྒྱུད་པའི་སེམས་བསྐྱེད་ཐོབ་ལ་མ་ཉམས་པ་དག་གིས་འདིའི་སྟེང་ནས་གཞན་ལ་སེམས་བསྐྱེད་ཕོག་པ་ལ་སྐྱོན་ཅི་