R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༡ན
[A:༨༡ན]དོན་མ་ལས་དབང་རྟགས་ནི་ལྷ་ཐམས་ཅད་ལ་བླངས་ན་གཙོ་བོ་ལྔ་ལ་སྐུ་རྡོ་རྗེ་རྣམ་སྣང་ལ་སོགས་པའི་རིགས་ལྔ། འཁོར་རྣམས་ལ་རང་གི་གཙོ་བོའམ། ཡང་ན་ཐམས་ཅད་ཀྱི་དབུ་ལ་གནས་ལྔར་རྡོ་རྗེ་རྩ་ལྔ་པ་རེ་རེ་བསམ་མོ་ཞེས་དང་། འཕགས་པ་རིན་པོ་ཆེས་གཙོ་བོ་ལྔ་ལ་རྡོ་རྗེ་སེམས་དཔའ། ཕོ་བྲང་གི་འཁོར་རྣམས་ལ་རང་རང་གི་གཙོ་བོ། སྐྱེ་མཆེད་ཀྱི་ལྷ་རྣམས་ལ་རང་རང་གི་ཁ་དོག་དང་མཐུན་པའི་རིགས་བདག ཁྲོ་བོ་བཅུ་ལ་སྲུང་འཁོར་གྱི་སྐབས་ནས་འབྱུང་བ་བཞིན་རིགས་ཀྱི་བདག་པོས་དབུ་བརྒྱན་པར་བསམ་མོ་ཞེས་གསུངས་པ་ཡིན་ནོ། །འོ་ན་བཤད་པ་གཉིས་པོ་མ་མཐུན་པས་འཕགས་པས་གསུངས་པ་དེ་མི་འཐད་དོ་ཞེ་ན། མི་མཐུན་པར་སྣང་བ་ནི་བརྒྱུད་པའི་མན་ངག་མེད་པར་ཡི་གེ་ལ་ཐུག་འཕྲད་དུ་བྱས་པའི་སྨྲ་བ་དེ་འདིར་རྡོ་རྗེ་སེམས་དཔའ་ནི་རིགས་ལྔ་པོ་རང་རང་གི་རྒྱུ་རྡོ་རྗེ་འཛིན་པ་ཡིན་པས་རང་རིགས་ཀྱི་རྒྱས་གདབ་པ་ཡང་ཡིན་ལ། རྡོ་རྗེ་སེམས་དཔས་རྒྱས་གདབ་པའང་ཡིན་པས་དོན་གཅིག་ཡིན་ནོ་ཞེས་འབྱུང་ངོ་། དེའི་ལན་དུ་པཎ་ཆེན་རིན་པོ་ཆེའི་རྣམ་ཐར་སྒོ་བརྒྱད་པར། འདིའི་ལན་ནི་དོན་ཚན་བདུན་གྱི་སྒོ་ནས་མགོ་སྨོས་པ་ཙམ་གྱིས་གོ་བར་བྱ་སྟེ། འདི་ལྟར་ཁ་སྦྱོར་རྩ་འགྲེལ་དུ་རྒྱས་གདབ་ཀྱི་དངོས་བསྟན་མེད་ཀྱང་། མན་ངག་ལུགས་ལ་རྒྱས་གདབ་ཏུ་སྦྱོར་དགོས་པ། དེའི་རྒྱབ་བརྟེན་དུ་མན་ངག་སྙེ་མ་དང་། ཕྱག་རྒྱ་བཞི་པའི་ལུང་སྦྱར་བ། རྒོལ་བས་ཕྱག་རྒྱ་བཞི་པའི་ཁུངས་མ་མཐོང་བཞིན་དུ་ཕོ་བྲང་དྲུག་གི་ཁུངས་སུ་བཤད་པས་ཕོ་ཚོད་ཀྱི་རང་བཟོར་བསྟན་པ། ལྷ་ཐམས་ཅད་ལ་རྡོ་རྗེ་སེམས་དཔས་དབུ་བརྒྱན་པ་དང་། སྲས་དོན་མ་ལས་