R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༡བ
[A:༨༡བ]བཤད་པའི་ཁྱད་པར་དབུ་རྒྱན་རང་ཆས་ཅན་དང་། དབང་དངོས་སུ་བླངས་པའི་ཁྱད་པར་དུ་བསྟན་པ། རྒོལ་བས་འཕགས་པའི་ལུང་ཕྱོགས་སྔ་ལ་གནོད་བྱེད་དུ་དྲངས་པ་ན་སྲས་དོན་མའི་རང་ལུགས་བཀག་པར་བསྟན་པ། དེ་དང་དེ་མི་འགལ་བའི་སྐྱོན་སྤང་བྱས་པ་ན་ཕྱོགས་སྔ་མ་གནོད་བྱེད་དུ་འཕངས་པ་ཐམས་ཅད་རྒོལ་བ་རང་ལ་ལོག་པས་ལུང་རིགས་ཀྱི་གོ་བ་མ་ཆགས་པར་བསྟན་པ། གྲུབ་མཐའི་གཏིང་མ་ཚུགས་པར་ལུང་འདྲེན་མང་པས་གོང་མ་ལྔ་འགལ་བ་ཅན་དུ་ཁས་ལེན་དགོས་པ་རྣམས་བྱུང་བ་ཡིན་ནོ་ཞེས་གསུངས་ལ། ཚར་ཆེན་ཆོས་ཀྱི་རྒྱལ་པོའི་རྡོ་རྗེའི་འཁྲུལ་འཁོར་གྱི་ཟེགས་མར་སྨྲ་བ་བདུན་པ་ལུས་དཀྱིལ་གྱི་ལྷ་ལ་རྒྱས་གདབ་རིགས་མཚོན་མེད་པའི་སྒྲུབ་བྱེད་དུ་རྡོ་རྗེ་སེམས་དཔས་རྒྱས་གདབ་ཅེས་ཟེར་བ་དང་། ཕོ་བྲང་ལྔའི་གཙོ་བོ་ལྔ་ལ་སྲས་དོན་མར་རྣམ་སྣང་ལ་སོགས་པ་རིགས་ལྔ་སོ་སོས་རྒྱས་གདབ་པ་དང་། འཕགས་པ་རིན་པོ་ཆེས་གཙོ་བོ་ལྔ་ལ་རྡོ་རྗེ་སེམས་དཔས་རྒྱས་འདེབས་པར་གསུངས་པ་ལ། དེ་གཉིས་དགོངས་པ་གཅིག་པའི་སྒྲུབ་བྱེད་དུ། དེའི་སྐབས་ཀྱི་རིགས་ལྔ་དང་རྡོ་རྗེ་སེམས་དཔའ་ཁྱད་པར་མེད་པར་བྱས་ནས། རྒྱས་འདེབས་དེ་རང་རིགས་ཀྱི་རྒྱས་གདབ་ཀྱང་ཡིན་ལ། རྡོ་རྗེ་སེམས་དཔའི་རྒྱས་གདབ་ཀྱང་ཡིན་པར་འདོད་དོ། །དེ་ལྟར་ན་ལུས་དཀྱིལ་གྱི་ལྷ་རྣམས་ལ་རྡོ་རྗེ་སེམས་དཔས་རྒྱས་བཏབ་པ་རིགས་མཚོན་མེད་པ་མ་ཡིན་པར་ཐལ། རིགས་མཚོན་ཡོད་པའི་ཕྱིར། དེར་ཐལ། རང་རིགས་ཀྱི་རྒྱས་གདབ་ཡོད་པའི་ཕྱིར། དེར་ཐལ། རྡོ་རྗེ་སེམས་དཔའི་རྒྱས་གདབ་ཡིན་པའི་ཕྱིར། འཁོར་གསུམ། སམྦུ་ཊའི་ལུང་གིས་བསྟན་པའི་སྒྲུབ་བྱེད་གནད་ཀྱི་