R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༢ན
[A:༨༢ན]གསལ་བྱེད་ལས་མ་བཤད་དོ་ཞེས་པའང་མི་འཐད་དེ། དེར་རྒྱུད་འཆད་པའི་དབང་དུ་བྱས་པའི་བཤད་པ་ཡིན་ལ། འདིར་མན་ངག་ལུགས་ཀྱི་ལུང་སྦྱོར་དུ་འདྲེན་པ་ལ་དེ་ཇི་ལྟ་བ་དགོས་པའི་ངེས་པ་མེད་པའི་ཕྱིར་དང་། ཕྱག་རྒྱ་བཞི་པའི་ལུང་གིས་ཕོ་བྲང་དྲུག་པ་ཁོ་ན་སྟོན་རྒྱུ་ཡིན་ན། བསྟན་བཅོས་དེར་ཕོ་བྲང་ལྔའི་ལྷ་བརྒྱ་ལྔ་བཅུ་རྩ་བདུན་བསྟན་པའི་རྗེས་སུ། ཀུན་གྱི་དབང་བསྐུར་གནས་སུ་ནི། །རྡོ་རྗེ་སེམས་དཔའ་ཟླ་བའི་མདོག །ཅེས་གསུངས་པས་ལྷ་དེ་ཐམས་ཅད་ཀྱི་དབང་བསྐུར་བའི་གནས་སྤྱི་བོར་རྡོ་རྗེ་སེམས་དཔའ་རེ་རེ་འགོད་པར་བཤད་ལ། དེ་ལྟར་མིན་ན་ཀུན་གྱི་ཞེས་པའི་མང་ཚིག་གི་འབྲུ་ཇི་ལྟར་གནོན་སོམས་ཤིག དེས་ན་སྲས་དོན་མར་ལྷ་ཐམས་ཅད་ལ་རྡོ་རྗེ་རྩེ་ལྔ་པས་རྒྱས་འདེབས་པར་གསུངས་པའང་འདི་དང་ཤིན་ཏུ་གནད་མཐུན་པ་ཡིན་ནོ་ཞེས་གསུངས་ལ། མཁས་པའི་དབང་པོ་དཀོན་མཆོག་ལྷུན་གྲུབ་ཀྱི་ཚངས་པའི་རིགས་སྔགས་སུ་དངོས་བསྟན་རྩོད་ཕྲེང་སོ་སོའི་ལན་དང་། ཞེ་འདོད་ཀྱི་དངོས་ལན་མ་འཁྲུལ་བ་གཉིས་སུ་མཛད་ནས། དང་པོ་ལ་རྒོལ་བས་ཁ་སྦྱོར་གྱི་ལུང་དོན་ཕྱོགས་གཅིག་ཏུ་ཞེན་པས་བློ་གྲོས་ཆུང་བ། ཕྱག་རྒྱ་བཞི་པའི་ལུང་མ་མཐོང་བའི་འོལ་ཚོད་བྱས་པ། འགལ་སྤོང་མ་ཤེས་པས་ཕྱོགས་སྔའི་འདོད་པ་བསྒྲུབ་པ་སྟེ་དོན་ཚན་གསུམ་དུ་མཛད་ནས། དང་པོ་ལ་ཁ་སྦྱོར་གྱི་རྒྱུད་འཆད་པའི་ཚེ་རྫོགས་རིམ་གྱི་ཡེ་ཤེས་སྟོན་བྱེད་དུ་འཆད་ཀྱང་། མན་ངག་གི་ཚེ་ལུས་དཀྱིལ་སྟོན་པ་མི་འགལ་སྟེ། རྩ་རྒྱུད་ཀྱི། ཨེ་ཡི་རྣམ་པ་ལྷ་མོ་སྤྱན། །ཞེས་སོགས་དང་། ཁ་སྦྱོར་ལས། ཨེ་ནེ་ས་རུ་ཤེས་པར་བྱ། །ཞེས་སོགས་རྒྱུད་འཆད་པའི་ཚེ་