R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༤ན
[A:༨༤ན]རུང་བ་ཡིན་ལ། འོན་ཀྱང་རྒྱུ་རྡོར་འཛིན་རིགས་དྲུག་པར་བཤད་པས་རྒྱུ་རྡོར་འཛིན་ཡིན་ན་རིགས་ལྔ་པོ་གང་རུང་ཡིན་མི་དགོས་པས་རང་རིགས་ཞེས་བྱའོ་ཞེས་གསུངས་སོ། དེ་བཞིན་དུ་དོན་བསྡུས་དོན་བརྒྱད་པ་ལས། ལུས་དཀྱིལ་ལྷ་ལ་རྡོར་སེམས་ཀྱི། །རིགས་བདག་བཤད་པ་དེ་ནོར་ན། །འཕགས་པས་ལུས་དཀྱིལ་གཙོ་བོ་ལ། །རྡོར་སེམས་རིགས་བདག་བཤད་པ་དེ། །རྣམ་པ་ཀུན་དུ་འདོར་དགོས་སོ། །གལ་ཏེ་འཕགས་པས་བཤད་པ་དེ། །རྡོར་སེམས་རིགས་བདག་རིགས་ལྔ་ཡི། །རྒྱུ་ཡི་རྡོར་འཛིན་ཡིན་པའི་ཕྱིར། །དེ་ལ་འགལ་བ་མེད་ཅེས་སྨྲ། །དེ་ལྟ་ན་ནི་ལྷ་ཀུན་གྱིས། །རིགས་བདག་རིགས་ལྔའི་རྒྱུ་རྡོར་འཛིན། །རྡོ་རྗེ་སེམས་དཔའ་ཡིན་པས་ན། །གཙོ་བོ་ཀུན་ལ་རྡོར་སེམས་ཀྱིས། །རྒྱས་འདེབས་བྱེད་པ་གྲུབ་པའི་ཕྱིར། །སྐབས་ཀྱི་རྩོད་པ་སྤྲིན་བཞིན་དེངས། །ཞེས་དང་། ཕྱག་རྒྱ་བཞི་པའི་དངོས་བསྟན་དེ། །ཕོ་བྲང་དྲུག་པར་ཁྱེད་འདོད་ན། །ཕོ་བྲང་ལྔ་ལ་རྩ་འདབ་དང་། འཁོར་སོགས་བཤད་ནས་དྲུག་པ་ལ། །དེ་དག་མི་འབྱུང་བ་དེ་ཅི། །སྤྱི་གཙུག་འཁོར་ལོ་ཞེས་པ་དེ། །ཕྱག་རྒྱ་བཞི་པོ་གང་དུ་འདུས། །ཕྱག་རྒྱ་བཞི་རུ་མ་འདུས་པའི། །ཕྱག་རྒྱ་བཞི་པ་གད་མོའི་གནས། །འཁོར་ལོས་སྒྱུར་བ་དྲུག་ཡོད་ན། །རྒྱལ་ཆེན་འཁོར་ལོས་སྒྱུར་བ་ལྔ། །ཞེས་པའི་གཞུང་དེ་ནོར་རམ་ཅི། །ཞེས་གསུངས་པ་ཡིན་ནོ། །དེ་རྣམས་ཀྱི་ཡང་ལན་དུ་མཁན་ཆེན་བཟང་བཀྲས་པས་སྙན་བརྒྱུད་འཁྲུལ་སེལ་ལས། ཐོག་མར་མུས་སྲད་པ་ཆེན་པོའི་བཞེད་པ་བཀོད། དེ་ལ་ཚངས་པའི་རིགས་སྔགས་སུ་སྐྱོན་བརྗོད་མཛད་ཚུལ་བཤད་པའི་རྗེས་སུ། ཨ་