R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༥ན
[A:༨༥ན]ལས་བཤད་པའི་ཁྱད་པར་དབུ་རྒྱན་རང་ཆས་ཅན་དང་། དབང་དངོས་སུ་བླངས་པའི་ཁྱད་པར་དུ་བསྟན་པ་ཞེས་གསུངས་པ་འདི་དང་། ཚངས་པའི་རིག་སྔགས་ལས་སྲས་དོན་མའི་ཕྱོགས་ཕྱི་མ་ནི་དབུ་རྒྱན་རང་ཆས་ཅན་དུ་བསྒོམ་པའི་དོན་ཡིན་ཞེས་འགའ་ཞིག་སྨྲ་ཡང་། དེའི་དོན་དམིགས་པ་བསྒོམ་སླ་བའི་ཕྱིར་ཡིན་ཞེས་གསུངས་པ་གཉིས་ཅུང་ཟད་མ་མཐུན་ཞིང་། ཚར་ཆེན་ཆོས་ཀྱི་རྒྱལ་པོའི་གསུངས་དང་ཚངས་པའི་རིག་སྔགས་ཀྱི་དེ་དག་དགོངས་པ་མཐུན་པར་སྣང་ལ། མཁན་ཆེན་བཟང་བཀྲས་པས་ཚངས་པའི་རིགས་སྔགས་ཀྱི་བཞེད་པ་བཀོད་པའི་སྐབས་སུ། སྲས་དོན་མ་ཡི་ཕྱི་མ་ནི། །དབུ་རྒྱན་རང་ཆས་དོན་ཡིན་ཟེར། །ཞེས་པ་དང་། དེ་ལྟར་འགོག་པ་ན། དབུ་རྒྱན་རང་ཆས་ཟེར་བ་དེ། །སྙན་བརྒྱུད་མེད་པའི་བབ་ཅོལ་ཡིན། །ཞེས་གསུངས་ཀྱང་། ཚངས་པའི་རིག་སྔགས་ན་སྲས་དོན་མའི་བཤད་ཚུལ་ཕྱི་མ་དབུ་རྒྱན་རང་ཆས་ཅན་དུ་འགའ་ཞིག་འདོད་ཀྱང་ཞེས་གསུངས་ནས་དེ་མི་བཞེད་པས་ཕྱོགས་སྔ་མ་ལོངས་པའི་སུན་འབྱིན་དུ་སོང་འདུག་གོ །ཕྱག་རྒྱ་བཞི་པའི་དངོས་བསྟན་ལ་ནི་ཕོ་བྲང་ལྔ་པ་མ་གཏོགས་དྲུག་པ་གསལ་བ་རང་མ་བྱུང་ལ། མཁན་ཆེན་བཟང་བཀྲས་པའི་གསུངས་ལས། འཁོར་ལོ་དྲུག་པའང་ལྔ་པོ་བཞིན། །དོན་གྱིས་བསྟན་ཞིང་མ་བསྟན་ན། །ཁྱེད་ཀྱིས་རྒྱུད་དོན་ཇི་ལྟར་འཆད། །ཅེས་གསུངས་པས་རྫོང་ལུགས་ལ་ཕོ་བྲང་དང་པོ་ལྔ་གསལ་བར་བསྟན་པའི་ཤུགས་ལ། དྲུག་པ་ནི། ཀུན་གྱི་དབང་བསྐུར་ཞེས་སོགས་ཀྱི་ཚིགས་བཅད་གཅིག་གིས་ཕོ་བྲང་དང་། དེའི་གཙོ་བོ་དངོས་སུ་བསྟན་པའི་ཤུགས་ལ་རྩ་འདབ་ཀྱི་གྲངས་