R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༥བ
[A:༨༥བ]དང་། འཁོར་གྱི་ལྷ་མོ་སོགས་བསྟན་གསུང་རྒྱུར་སྣང་ངོ་། །དེ་ལྟར་ཕྱོགས་གཉིས་པོ་བཤད་ཚུལ་ཅུང་ཟད་མི་འདྲ་བའང་ལེགས་པར་བརྟགས་ན། མུས་སྲད་པ་ཆེན་པོས་སྲས་དོན་མ་དང་། འཕགས་པའི་གསུང་ལ་འགལ་སྤོང་མཛད་པ་དེ་ནི་ངོར་ལུགས་ལའང་བཞེད་པར་སྣང་བས། གོང་མའི་དགོངས་དོན་ལ་གཉིས་ཀ་ཞུགས་སམ་སྙམ་སྟེ་དཔྱད་པར་བྱའོ།། །།བརྒྱད་པ་བཟའ་བའི་དམ་ཚིག་ཡོད་མེད་ཀྱི་རྣམ་གཞག་ལ། མུས་སྲད་པ་ཆེན་པོའི་རྣམ་བཤད་ཆུ་རྒྱུན་བཞི་པར། བཟའ་བའི་དམ་ཚིག་མེད་པ་རྣམས། །ཞེས་པའི་རྒྱས་བཤད་དུ་མང་དུ་གསུངས་པའི་སྙིང་པོ་བླངས་ནས་བཀོད་ན། ཡང་ཁ་ཅིག་དབང་བསྐུར་རབ་གནས་ཀྱི་དུས་སུ་སྡོམ་བརྩོན་རབ་བྱུང་རྣམས་ཀྱིས་ཚོགས་འཁོར་མི་བྱེད་དེ། ས་སྐྱ་པཎྚི་ཏས་བཀག་པའི་ཕྱིར་རོ་ཞེས་པ་ཕྱོགས་སྔར་བཀོད་ནས་སུན་འབྱིན་པ་ན། ཆོས་རྗེ་རང་གི་ལུགས་དང་། རྗེ་བཙུན་གྱི་ལུང་དང་འགལ་ཚུལ་བརྗོད་པའི་ཚེ། ཆོས་རྗེས་རབ་བྱུང་ལ་དཔའ་བོའི་སྟོན་མོ་དགོས་པར་གསུངས་ཤིང་། དཔའ་བོའི་སྟོན་མོ་ཚོགས་འཁོར་གྱི་དབྱེ་བར་མངོན་རྟོགས་ལྗོན་ཤིང་ལས་གསུངས་ཤིང་། ཆོས་རྗེ་རང་གིས་ཀྱང་གསུངས། ཕྱོགས་སྔ་མ་ནི་དུས་ཁྱད་པར་ཅན་གྱི་ཚེ་དཔའ་བོའི་སྟོན་མོའང་མི་བྱེད་པས་བཟའ་བའི་དམ་ཚིག་ལས་ཉམས་ཤིང་། ཆོས་རྗེས་བཤད་པ་འདི་ཀླུ་སྒྲུབ་ནས། ཇོ་བོ་རྗེ་དང་ཁ་ཆེ་པཎ་ཆེན་སོགས་ཀྱི་ལུགས་ཡིན་པར་བཤད་པས། ས་སྐྱ་པའི་རང་ལུགས་མ་ཡིན་གསུངས། དུས་ཁྱད་པར་ཅན་གྱི་ཚེ་རབ་བྱུང་གིས་ཚོགས་འཁོར་མ་བྱས་ན་རྩ་ལྟུང་བཅུ་གསུམ་པར་འགྲོ་བ་དེ་འཁྲུལ་སྤོང་གི་དགོངས་པ་ཡིན་ཞེས་པ་དང་། དུས་ཁྱད་