R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩ན
[A:༩ན]ཡང་མེད་ཅིང་། ཕྱག་ལེན་གྱི་ཁྱད་པར་ཆེས་ཁུངས་བཙུན་ཞིང་རྣམ་པར་དག་པར་འགྱུར་བ་ཡིན་ནོ་ཞེས་གསུངས་སོ། །དེ་ལྟར་ངོར་ལུགས་ཀྱི་བསྟན་འཛིན་དག་གིས་མུས་སྲད་པ་ཆེན་པོའི་སེམས་བསྐྱེད་བརྒྱུད་པ་མེད་པ་དང་ཞེས་པའི་ལན་འདེབས་མཛད་པ་དེ་རྣམས་དང་། ཁྱད་པར་མཁས་པའི་དབང་པོ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་བརྒལ་ལན་ཚངས་པའི་རིགས་སྔགས་ཀྱི་ཡང་ལན་དུ། ངམ་རིང་མཁན་ཆེན་ཆོས་རྗེ་བཟང་པོ་བཀྲ་ཤིས་པས་སྙན་བརྒྱུད་འཁྲུལ་སེལ་ཞེས་བྱ་བ་ཚིགས་བཅད་མ་ཞིག་མཛད་པ་དེ་ཉིད་ལས། སྒོ་རུམ་རྙེད་དམ་མིན་ཡང་རུང་། །མཁན་ཆེན་ཤེས་རབ་རྡོ་རྗེ་བས། །བླ་མ་བཅུ་ཕྲག་ལྷག་པ་ལས། །རྗེ་ཡི་བཀའ་འབུམ་ཀུན་གྱི་ལུང་། །གསན་པ་གང་ནའང་དེ་འདྲ་མེད། །སྡོམ་རྒྱུན་ཡོད་པའང་བསྒྲུབ་བྱ་ཡིན། །གཞན་ཡང་མཐའ་གཞན་བཀག་པས་ཤེས། །དེས་ན་དེ་འདྲའི་ཆོ་ག་ནི། གསར་དུ་གཞན་གྱི་བྱས་པར་ངེས། དབང་གི་སྔོན་དུ་ལྗོན་ཤིང་ལས། །སེམས་བསྐྱེད་ཆོ་ག་བཤད་ན་ཡང་། །ཕྱག་ལེན་ནུབ་པར་མཁས་རྣམས་བཞེད། །ཅེས་པ་དང་། ལམ་འབྲས་འཆད་ལས་གཞན་པའི་དུས། །སྔོན་དུ་དེ་འདྲའི་སེམས་བསྐྱེད་ཀྱི། །ཆོ་ག་མེད་པར་དབང་བསྐུར་བ། །ཁྱེད་རང་འདོད་པ་དྲན་པར་གྱིས། །སྟ་གོན་འཇུག་པའི་གནས་སྐབས་སུ། །སེམས་བསྐྱེད་གསུང་ཕྱིར་དོགས་འདི་མེད། །གསུམ་ལ་སྐྱབས་འགྲོ་ལ་སོགས་པ། །འཁྲུལ་སྤོང་ཉིད་ལས་ཇི་སྐད་དུ། །སྨོན་འཇུག་སེམས་བསྐྱེད་བླངས་བར་བྱ། །དེ་ནི་གུད་དུ་བླངས་ཀྱང་རུང་། །མ་བླངས་ཀྱང་ནི་སྟ་གོན་གྱི། །སྐབས་སུ་འབྱུང་ཞེས་གསུངས་པ་འདིས།