R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༦ན
[A:༨༦ན]པར་ཅན་གྱི་བཟའ་བའི་དམ་ཚིག་དང་། དུས་རྒྱུན་དུ་བསྟེན་པའི་དམ་ཚིག་གི་ཁྱད་པར་མ་ཕྱེད་ཅེས་སོགས་ཀྱིས་རྒོལ་བ་མཛད་དོ། །དེ་དག་ཀྱང་ངོར་ལུགས་ཀྱི་བཤད་ཚུལ་གང་ལ་ཆེད་དུ་རྒོལ་བ་ཡིན་སྙམ་ན། རྗེ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་ཚོགས་ཀྱི་འཁོར་ལོའི་ཆོ་ག་ཀུན་བཟང་རྣམ་རོལ་ལས། གཉིས་པ་གང་ཟག་མཆོད་པའི་ཡོ་བྱད་ལ། རྣལ་འབྱོར་པ་ནུས་ལྡན་དང་། རབ་ཏུ་བྱུང་བས་མཆོད་པའི་རྫས་གཉིས་ཀྱི། དང་པོ་ནི། ཌོམྦྷི་ཧེ་རུ་ཀས། དེ་ལ་ཤ་དང་ཆང་དག་དང་། །ཞེས་སོགས་དང་། སྙིང་པོ་རྒྱན་དུ། ཆང་ནི་དཔའ་བོས་མ་སྤྱད་པར། །ཞེས་སོགས་དྲངས་པ་དང་། གཉིས་པ་ནི་བུ་རམ་དང་། བུ་རམ་གྱི་ལྦུ་བ་དང་། ཞུན་མར་ལ་སོགས་པ་སོ་སོར་ཐར་པར། ཕྱི་དྲོར་གནང་བའི་རྫས་རྣམས་ཤ་ལྔ་བདུད་རྩི་ལྔར་བྱིན་གྱིས་བརླབས་ནས་ལོངས་སྤྱོད་ཀྱི། ཐབས་ཤེས་ཀྱི་རྫས་ལ་ལོངས་སྤྱོད་པ་མ་ཡིན་ནོ། །འོ་ན་ཚོགས་འཁོར་གྱི་གཞུང་རྣམས་ལས་ཐབས་ཤེས་ཀྱི་རྫས་གཉིས་ལ་ལོངས་སྤྱོད་པར་བཤད་པ་དང་འགལ་ལོ་ཞེ་ན། དེ་ནི་རྣལ་འབྱོར་པ་ཆང་འོ་མར་བསྒྱུར་ནུས་པ་ལ་སོགས་པ་ནུས་པ་དང་ལྡན་པའི་དབང་དུ་བྱས་པ་སྟེ། དྲི་མེད་འོད་ལས། གང་དག་གིས་སྔགས་ཀྱི་སྟོབས་ཀྱིས་སམ་ཞེས་སོགས་འདྲེན་པར་མཛད་ནས། དགེ་སློང་དང་དགེ་ཚུལ་ཆང་འོ་མར་བསྒྱུར་བའི་ནུས་པ་དང་མི་ལྡན་པ་ལ་ནི་རྫས་དེ་དག་ལྕེ་ལ་རེག་པ་ཙམ་མ་གཏོགས་ལོངས་མི་སྤྱོད་པར། འཕགས་པ་ཀླུ་སྒྲུབ་ཡབ་སྲས་དང་། ཐོགས་མེད་སྐུ་མཆེད། ཁ་ཆེ་པཎ་ཆེན་སོགས་ཀྱང་བཞེད་པར་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏའི་ཚོགས་འཁོར་དུ་བཤད་ལ། དུས་