R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༦བ
[A:༨༦བ]འཁོར་དང་སྡོམ་འབྱུང་གི་ལུང་འདྲེན་བྱས་པའི་རྗེས་སུ། ཐར་པ་དོན་དུ་གཉེར་བའི་སྒྲུབ་པ་པོ་རྣམས་ཀྱིས་ཕྱི་རོལ་པའི་མཆོད་སྦྱིན་དང་མཚུངས་པའི་ཤ་ཆང་ཁོ་ན་ལ་ལོངས་སྤྱོད་པའི་འཇིག་རྟེན་པའི་དགའ་སྟོན་ལ་ཚོགས་ཀྱི་འཁོར་ལོའི་མིང་གདགས་པར་མི་བྱའོ་ཞེས་གསུངས་པ་དང་། གསང་བ་ཀུན་རྒྱན་ལས་འདི་རབ་ཏུ་བྱུང་བ་སྡོམ་བརྩོན་རྣམས་ཀྱིས་ཚོགས་འཁོར་བྱེད་ན་གོང་འོག་གི་ཆོ་ག་རྣམས་འདྲ་བ་ལས། དམ་ཚིག་བླངས་ཏེ་ལྕེ་ལ་རེག་པ་ཙམ་བྱ། བུ་རམ་དང་སྦྲང་རྩི་དང་ཞུན་མར་རྣམས་ཤ་ལྔ་བདུད་རྩི་ལྔར་བྱིན་གྱིས་བརླབས་ལ་ནང་གི་སྦྱིན་སྲེག་གི་ཚུལ་གྱིས་བཟའོ། །རྣལ་འབྱོར་པ་རྣམས་ཀྱིས་ཀྱང་དམ་ཚིག་གི་རྫས་ལ་རན་པར་ལོངས་སྤྱོད་ཀྱི། ཆང་མྱོས་ཀྱི་བར་དུ་འཐུང་བ་དང་། ཁ་ཟས་ཧ་ཅང་བརྒྱགས་པར་ལོངས་སྤྱོད་པ་ནི་ཚོགས་འཁོར་གྱི་སྐབས་ཀྱི་དགག་བྱ་ཡིན་ལ། ཁྱད་པར་བསད་ཤ་ལ་ལོངས་སྤྱོད་པ་ནི་ཐེག་པ་ཆེན་པོའི་མདོ་རྒྱུད་མཐའ་དག་ལས་བཀག་པས། དགྲ་ནག་དང་། ཨ་ར་ལླིའི་རྒྱུད་ལས་བཤད་པ་ལྟར་བ་གླང་སོགས་རང་ཤི་བའི་ཤ་ཁོ་ན་དམ་རྫས་སུ་བཟུང་ངོ་། དེ་ལྟར་མཆོད་པ་དང་ལོངས་སྤྱོད་ལ་ཚིམ་པར་ལོངས་སྤྱད། ཟས་ལ་དཔྱས་མི་གདགས་པར་མང་དུ་བཟའ། སྐོམ་ཇི་སྙེད་པ་བཏུང་ཞེས་སོགས་གསུངས་པ་རྣམས་ལ་རྒོལ་བ་ཡིན་ནོ། དེ་ལྟར་ཀུན་བཟང་རྣམ་རོལ་དང་། གསང་བ་ཀུན་རྒྱན་ལས་བཤད་ཚུལ་ལ། མུས་སྲད་པ་རྡོ་རྗེ་རྒྱལ་མཚན་གྱིས་ལུང་རིགས་ཀྱི་དཔྱད་པ་མཛད་པ་དེའི་ལན་དུ། པཎ་ཆེན་རིན་པོ་ཆེའི་རྣམ་ཐར་སྒོ་བརྒྱད་པར། རྒོལ་བའི་ཚིག་གི་དངོས་བསྟན་ལ་ནང་འགལ་མང་བས་ཡིད་བརྟན་མི་རུང་བར་བསྟན་པ་དང་། དགོས་པ་ཁྱད་པར་