R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༧ན
[A:༨༧ན]ཅན་དང་ཚོགས་ཀྱི་འཁོར་ལོ་བསྐོར་བའི་ནུས་པ་ཡོད་མེད་ཀྱི་སྒོ་ནས་དངོས་ལན་གདབ་པ་གཉིས་སུ་མཛད་ནས། དང་པོ་ལ་འདིར་རྒོལ་བའི་ཚིག་ལ་ཆོས་རྗེས་གསུངས་པའི་དཔའ་བོའི་སྟོན་མོ་དེ་ཚོགས་འཁོར་མཚན་ཉིད་པར་རྗེ་བཙུན་ཆེན་པོས་བཞེད་མི་བཞེད་གཉིས་ཅིག་ཅར་དུ་སྨྲས་བྱུང་། ས་པཎ་གྱི་བཞེད་པས་འཁྲུལ་སྤོང་བཀག་པའམ། ཡང་ན་འཁྲུལ་སྤོང་གི་རྩ་ལྟུང་བཅུ་གསུམ་པའི་ངོ་བོ་ཉིད་རྣམ་པར་གཞག་པ་དེས་ཆོས་རྗེའི་དཔའ་བོའི་སྟོན་མོ་བཀག་ཟེར་བ་གཉིས་ཅིག་ཅར་དུ་སྨྲས་བྱུང་། ཕྱོགས་སྔ་མ་དཔའ་བོའི་སྟོན་མོ་ལ་ཚད་མར་བྱེད་ན་རྗེ་བཙུན་དང་འགལ་ཟེར་བ་དང་། རྗེ་བཙུན་ཡང་དཔའ་བོའི་སྟོན་མོ་ཚོགས་འཁོར་དུ་བཞེད་ཟེར་བ་གཉིས་ཀ་བྱུང་། རྗེ་བཙུན་དཔའ་བོའི་སྟོན་མོ་ཚོགས་འཁོར་དུ་མི་བཞེད་ན་དེ་བཟའ་བའི་དམ་ཚིག་མ་ཡིན་པར་ཐལ། དུས་ཁྱད་པར་ཅན་གྱི་དང་རྒྱུན་དུ་བ་གང་ཡང་མ་ཡིན་པའི་ཕྱིར་ཞེས་བརྗོད་པ་མཐའ་དག་ཁྱེད་རང་ལ་འཁོར་བྱུང་ཞེས་གསུངས་ཤིང་། གཉིས་པ་ལ་ཕྱོགས་སྔ་མས་དབང་རབ་གནས་སྦྱིན་སྲེག་གི་ཚེ་དཔའ་བོའི་སྟོན་མོ་མི་བྱེད་པའི་རྒྱུས་ཡོད་ནས་སུས་ཁྱེད་ལ་བཤད། ཕྱོགས་སྔ་མ་ཁ་ཟས་ཀྱི་རྣལ་འབྱོར་དང་བདུད་རྩི་མྱང་བ་འོད་དཔག་མེད་ཀྱི་ཡན་ལག་སོགས་མི་བཞེད་པ་ཅི། རྒྱུན་གྱི་བཟའ་བའི་དམ་ཚིག་གིས་དུས་ཁྱད་པར་ཅན་གྱི་དེ་མེད་པའི་དགག་བྱ་མི་ཁེགས་ན་དུས་ཁྱད་པར་ཅན་དེ་དུས་རྒྱུན་དུ་བའི་ཆ་ཤས་སུ་མི་གཏོགས་པ་ཡིན་ནམ། སྤྱིར་སྡོམ་བརྩོན་རྡོ་རྗེ་འཛིན་པ་ས་མ་ཐོབ་པ་སོགས་ལྟ་ཞོག སྦྱངས་རྟོགས་སྦར་གསུམ་མི་ནུས་ན་ཁྱིམ་པའི་རྡོ་རྗེ་འཛིན་པས་ཀྱང་ཚོགས་འཁོར་རྫོགས་པ་ལ་ལོངས་སྤྱོད་པ་ན་ཟག་མེད་