R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༧བ
[A:༨༧བ]ཀྱི་དགའ་བདེས་ལུས་སེམས་ཚིམ་པར་བྱས་པ་ཡིན་ནམ། ཟག་བཅས་ཀྱི་དེས་དེ་ལྟར་བྱས་པ་ཡིན་བརྟགས་ན་རྣམ་རྟོག་དང་བཅས་པའི་དགའ་བདེ་ནི་ཐ་མལ་གྱི་ལམ་མོ། །དེ་དང་བྲལ་བའི་དགའ་བདེ་ནི་རྡོ་རྗེ་འཛིན་པའི་ལམ་མོ། །དེ་ལ་སྦྱངས་པ་ཞེས་བྱ་བ་ནི་ཐ་མལ་གྱི་ཤ་ཆང་སོགས་ལྟ་ཅི། རང་ཉིད་ལྷར་གསལ་བའི་ཡེ་ཤེས་ཀྱི་ངོ་ན་ཐ་མལ་གྱི་སྣང་བ་ཙམ་ཡང་མེད་པའོ། །དེ་ལྟར་ནའང་སངས་རྒྱས་མ་ཐོབ་ཀྱི་བར་དུ་རྣལ་འབྱོར་པ་རང་གི་རྣམ་ཤེས་ལའང་ཐ་མལ་པ་དང་མཐུན་པར་སྣང་བ་ནི་ཟློག་མི་ནུས་པས་ན་གཞི་མི་སྤོང་བ་ཞེས་དང་། སྒྱུ་མ་ལྟ་བུར་སྣང་བ་ཞེས་པ་དེ་ཡིན་ནོ། །རྟོགས་པ་ནི་ཚོགས་རྫས་ལྟ་ཞོག བདག་དང་སྣང་བ་ཐམས་ཅད་ཆོས་དབྱིངས་བདེ་ཆེན་དུ་རོ་གཅིག་པའོ། །དེའི་རྒྱུ་མཚན་གྱིས་དེ་དུས་ཀྱི་རྣམ་རོལ་ཐམས་ཅད་ཆོས་དབྱིངས་དང་མཉམ་པར་སྤྲོ་ནུས་པ་ནི་སྦར་བ་ཞེས་པ་ཡིན་ནོ། །འདིར་སྡོམ་བརྩོན་རྡོ་རྗེ་འཛིན་པ་བསྙེན་པ་རྫོགས་པ་བསྟན་པའི་བདག་པོར་གྱུར་པ་ནི་ས་ལ་གནས་ཀྱང་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་སྤྱད་པ་ཉིད་ཀྱིས། ཚོགས་འཁོར་སོགས་སྤྲོས་བཅས་ཀྱི་སྤྱོད་པ་མ་མཛད་པའི་ཉེས་པས་ཅུང་ཟད་ཀྱང་མ་གོས་པར་མཆོག་གི་དངོས་གྲུབ་ཐོགས་མེད་དུ་འགྲུབ་པ་ཡིན་ཏེ། འཕགས་མཆོག་ཀླུ་སྒྲུབ་དང་སློབ་དཔོན་ཆེན་པོ་ཞི་བ་ལྷ་བཞིན་ནོ་ཞེས་གསུངས་སོ། ཡང་ཚར་ཆེན་རིན་པོ་ཆེས་རྡོ་རྗེའི་འཁྲུལ་འཁོར་གྱི་ཟེགས་མར་མུས་སྲད་པའི་བཞེད་པ་བསྐྱར་བའི་རྗེས་སུ་ཞེས་ཟེར་བ་རྣམས་རིམ་པ་བཞིན་མི་འཐད་དེ། ངོར་ལུགས་ལ་བཟའ་བའི་དམ་ཚིག་ཡོད་པར་ཐལ། བདུད་རྩི་རིལ་བུ་བསྟེན་པ་དེ་བཟའ་བའི་དམ་ཚིག་ཡིན་པའི་ཕྱིར་ཏེ་རྒྱུན་གྱི་དེ་ཡིན་པའི་ཕྱིར། རི་བོང་རྭ་