R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༨ན
[A:༨༨ན]ཚོགས་ཀྱི་འཁོར་ལོ་ཡིན་པར་ཐལ། ཁྱད་པར་གྱི་བཟའ་བའི་དམ་ཚིག་ཚོགས་འཁོར་ཡིན་པའི་ཕྱིར། ཤེས་བྱ་རྟག་པར་ཁས་བླངས་ན་ཤེས་བྱ་ལ་རྟག་པས་ཁྱབ་པ་ཁས་ལེན་མི་དགོས་པས་དགོངས་པར་ཞུ། གཞན་ཡང་དཔའ་བོའི་སྟོན་མོ་མེད་པར་ཐལ། དེ་ཡིན་ན་བཟའ་བའི་དམ་ཚིག་ཡིན་དགོས་པ་ལས་རྒྱུན་གྱི་དེ་ནི་ཡིན་དོན་མེད། ཁྱད་པར་གྱི་དེ་མིན་ཏེ་ཚོགས་འཁོར་མིན་པའི་ཕྱིར། དེར་ཐལ། རྗེ་བཙུན་གྱིས། ཚོགས་ཀྱི་འཁོར་ལོ། དཔའ་བོའི་སྟོན་མོ། དཔའ་མོའི་སྟོན་མོ་ཞེས་དེ་གསུམ་མི་འདྲ་བ་ཐ་དད་དུ་བཤད་པའི་ཕྱིར། མ་ཡིན་ཏེ་དེ་གསུམ་མིང་གི་རྣམ་གྲངས་སོ་སྙམ་ན། དེ་ལྟར་ན་དཔའ་མོའི་སྟོན་མོའང་དཔའ་བོའི་སྟོན་མོར་འགྱུར་ཞིང་། དཔའ་མོའང་དཔའ་བོར་འགྱུར་བ་སོགས་བརྗོད་ཀྱིས་མི་ལང་བས་འདི་འདྲའི་གྲུབ་མཐའ་མི་འཛིན་པར་གསོལ་བ་འདེབས་སོ་ཞེས་གསུངས་སོ། །ཡང་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་ཚངས་པའི་རིག་སྔགས་སུ། རྒོལ་བའི་ཚིག་ལ་ནང་འགལ་མང་བ། གོང་མའི་གསུང་ལ་དོགས་པ་དཔྱད་པ། དངོས་ལན་གདབ་པ་འཕྲོས་དང་བཅས་པ་སྟེ་གསུམ་དུ་མཛད་ཅིང་། དང་པོ་ལའང་རྒོལ་བས་དངོས་བརྟགས་མ་ཕྱེ་བས་ས་པཎ་གྱི་གསུང་ལ་ནང་འགལ་བསྒྲུབ། སྤྱི་གསལ་འདྲེས་པས་རྗེ་བཙུན་གྱི་གསུང་ལ་ནང་འགལ་བསྒྲུབ། ཅལ་ཅོལ་མང་བས་ཀླུ་སྒྲུབ་སོགས་རྩ་ལྟུང་ཅན་དུ་བསྒྲུབ་པ་དང་གསུམ་དུ་གསུངས་ནས། དང་པོ་ལ་ལྗོན་ཤིང་ལས་ཚོགས་འཁོར་གྱི་དབྱེ་བར་བཤད་པའི་ཚོགས་འཁོར་ཡིན་ན། ས་སྐྱ་པ་རང་ལུགས་ཀྱི་དེ་ཡིན་དགོས་པར་ཐལ།དེ་ལས་བཤད་པའི་ཚོགས་འཁོར་ཡིན་ན་