R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༨བ
[A:༨༨བ]ས་སྐྱ་པ་རང་ལུགས་ཀྱི་དེ་ཡིན་དགོས་པའི་ཕྱིར། རྟགས་ཁྱབ་གྲུབ་མཐའ་ལ་སོང་། འདོད་ན། ཆོས་རྗེས་བཤད་པའི་དཔའ་བོའི་སྟོན་མོ་ཆོས་ཅན། དེར་ཐལ། དེའི་ཕྱིར། འཁོར་གསུམ་ཆར་ལ་ལན་མེད་དོ། །གཞན་ཡང་དེ་ཆོས་ཅན། རྣལ་འབྱོར་པས་བྱ་བའི་ཚོགས་འཁོར་ཡིན་པར་ཐལ། ལྗོན་ཤིང་ལས་གསུངས་པའི་ཚོགས་འཁོར་མཚན་ཉིད་པ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན་མ་ཡིན་པར་ཐལ། རབ་བྱུང་གིས་བྱ་བའི་དཔའ་བོའི་སྟོན་མོ་ཡིན་པའི་ཕྱིར། ཁྱབ་པ་ནི་རྣལ་འབྱོར་པས་བྱ་བའི་ཚོགས་འཁོར་མཚན་ཉིད་པ་དང་། རབ་བྱུང་གིས་བྱ་བའི་རྗེས་མཐུན་པ་གཉིས་སོ་སོར་ཕྱེ་བས་གྲུབ་གསུངས། གཉིས་པ་ལ། རྗེ་བཙུན་གྱིས་བཤད་པའི་དཔའ་བོའི་སྟོན་མོ་དེ་ཚོགས་འཁོར་མཚན་ཉིད་པ་ཡིན་ན། དེ་དཔའ་བོ་དང་དཔའ་མོ་གཉིས་ཀ་ཚོགས་པའི་ཚོགས་འཁོར་ཡིན་པར་འདོད་དགོས། གཞན་ཡང་ཕྱོགས་སྔ་མ་ནི་དུས་ཁྱད་པར་ཅན་ལ་དཔའ་བོའི་སྟོན་མོ་ཙམ་ཡང་མི་བྱེད་ཅེས་པའི་ཡང་སྒྲས་གང་འདོན་སྨྲ་དགོས་སོ་གསུངས་ལ། གསུམ་པ་ལ་དུས་ཁྱད་པར་ཅན་ལ་རབ་བྱུང་གི་ཚོགས་འཁོར་མ་བྱས་ན་རྩ་ལྟུང་འབྱུང་བ་འཁྲུལ་སྤོང་གི་དགོངས་པ་ཡིན་ན། ཀླུ་སྒྲུབ་ནས་ཆོས་རྗེའི་བར་ཐམས་ཅད་ཀྱིས་དུས་ཁྱད་པར་ཅན་གྱི་ཚེ། ཚོགས་འཁོར་མཚན་ཉིད་པ་དང་རྗེས་མཐུན་པ་གཉིས་ཀྱི་ཟླས་ཕྱེ་བའི་རྗེས་མཐུན་པ་ཁོ་ན་མཛད་པས་ན་ཐམས་ཅད་རྩ་ལྟུང་ཅན་དུ་འགྱུར་ཞིང་། གཞན་ཡང་ཁྱོད་ཀྱིས་ཁོ་བོ་ཅག་དབང་བསྐུར་སོགས་ཀྱི་ཚེ་དཔའ་བོའི་སྟོན་མོ་ཙམ་ཡང་མི་བྱེད་པ་ངེས་པ་ཅན་སུ་ལས་ཐོས། ཁྱེད་ལྟར་དུ་མི་བྱེད་པ་དང་། ཚོགས་འཁོར་མི་བྱེད་པར་གྲགས་པ་ཙམ་ལ་ནི་ངེས་པ་མེད་པར་