R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༩ན
[A:༨༩ན]གསུངས་ཤིང་། གཉིས་པ་གོང་མའི་ལུང་ལ་དོགས་པ་དཔྱད་པ་ལ། ལྗོན་ཤིང་ལས་དཔའ་བོའི་སྟོན་མོ་ཚོགས་འཁོར་གྱི་དབྱེ་བའི་ཡ་གྱལ་དུ་བཤད་ཀྱང་། དེ་ཡིན་ན་དབྱེ་གཞི་དེ་ཡིན་མི་དགོས་ཏེ། བདེན་གཉིས་ཀྱི་དབྱེ་གཞི་འཇིག་རྟེན་པའི་བློ་ཙམ་དང་ཤེས་བྱ་ཙམ་ཡིན་ཀྱང་། དོན་དམ་བདེན་པ་དེ་གཉིས་གང་ཡང་མ་ཡིན་པ་བཞིན་ནོ། །དེས་ན་ཚོགས་འཁོར་གྱི་ཡ་གྱལ་དུ་བཤད་པ་ཐམས་ཅད་ཚོགས་འཁོར་མཚན་ཉིད་པར་རྗེ་བཙུན་བཞེད་ན། ཚོགས་འཁོར་ལ་རྣལ་འབྱོར་ཕོ་མོ་འཚོགས་དགོས་པར་རྗེ་བཙུན་ཉིད་ཀྱིས་བཤད་པས་ནང་འགལ་བར་འགྱུར་ཞིང་། དེ་གཉིས་མ་འཚོགས་ན་ཚིམ་པ་དྲུག་དངོས་སུ་བྱར་མེད་པས་ཚོགས་འཁོར་མཚན་ཉིད་པར་མི་འགྱུར་ལ། མདོར་ན་ཚོགས་འཁོར་མཚན་ཉིད་པ་དང་རྗེས་མཐུན་པ་ནི་ཚིམ་པ་དྲུག་དངོས་སུ་བྱར་ཡོད་མེད་ཀྱིས་ཕྱེ་ཞིང་། དེའི་ཕྱིར་ལས་རྒྱ་ལ་བརྟེན་ནས་རྫོགས་རིམ་གྱི་ཡེ་ཤེས་དངོས་སུ་བསྐྱེད་དེ་ལུས་སེམས་ལྷན་སྐྱེས་ཀྱི་བདེ་བས་ཚིམ་པར་ནུས་པའི་རྣལ་འབྱོར་པ་ཁོ་ནས་ཚོགས་འཁོར་བྱ་བ་དང་། དེ་འདྲའི་ནུས་པ་མེད་ན་ཁྱིམ་པ་རྡོར་འཛིན་ཡིན་ཡང་ཆགས་པའི་རྣམ་རྟོག་དང་བཅས་པའི་ཕྱིར་ཐ་མལ་པའི་འཛག་བདེ་ཡིན་གྱི། འགྱུར་མེད་ཀྱི་བདེ་བ་མ་ཡིན་པས་ཚོགས་འཁོར་མཚན་ཉིད་པ་བྱར་མེད་པ་དང་། རབ་བྱུང་རྡོ་རྗེ་འཛིན་པ་ནི་ཇི་ཙམ་བཟང་ཡང་བསྟན་པ་ལ་གཅེས་སྤྲས་སུ་བྱ་བའི་ཕྱིར་སྤྲོས་བཅས་ཀྱི་སྤྱོད་པ་དངོས་སུ་མི་མཛད་པ་ཡིན་ནོ། འདི་ལ་དགོངས་ནས་མཁྱེན་རབ་དབང་ཕྱུག་གིས་རྣལ་འབྱོར་པས་བྱ་བའི་ཚོགས་འཁོར་མཚན་ཉིད་པ་དང་། རབ་བྱུང་གིས་བྱ་བའི་ཚོགས་འཁོར་རྗེས་མཐུན་པ་གཉིས་