R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༨བ
[A:༩༨བ]སུ་ཕྱེ་ནས་གསུངས་པ་དང་། ཌོམྦྷི་ཧེ་རུ་ཀས་ཀྱང་དཔའ་བོ་དང་བྲལ་བའི་དཔའ་མོ་དང་། དཔའ་མོ་དང་བྲལ་བའི་དཔའ་བོ་དག་གིས་ཚོགས་ཀྱི་འཁོར་ལོ་བསྐོར་བར་མི་བྱའོ་ཞེས་གསུངས། འཁྲུལ་སྤོང་ལས་ཚོགས་ཀྱི་གྲལ་དུ་ཐུན་མོང་གི་རྒྱུ་བཞི་གང་རུང་སྔོན་དུ་འགྲོ་བས་ཚོགས་རྫས་སྟོབ་པ་མི་གཙང་བའམ། སྡོམ་པ་འོག་མའི་བཅས་པ་དང་འགལ་དུ་དོགས་ནས་དང་དུ་མི་ལེན་ན་རྩ་ལྟུང་དུ་བཤད་ཅེས་སོགས་གསུངས་ལ། གསུམ་པ་དངོས་ལན་གདབ་པ་འཕྲོས་དང་བཅས་པ་ལ་སྐབས་དོན་དངོས་ལན་དཔྱིས་ཕྱིན་པ་དང་། འཁྲུལ་མེད་ཀྱི་ལུང་ཁུངས་རྒྱས་པར་བཤད་པ་གཉིས་སུ་མཛད་ནས། དང་པོ་ལ་རྗེ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་མཛད་པའི་བླ་ཆེན་ཆོས་རིན་དཔལ་བའི་དྲིས་ལན་དེ་ཉིད་ཀྱིས་འདིའི་ལན་ཡང་ཐེབས་པས་ཞེས་གསུངས་ནས། ཆེན་པོ་ཆོས་རིན་གྱི་དྲི་ལན་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་མཛད་པ་དེ་འགོད་པར་མཛད་ལ། གཉིས་པ་ལ་ཚོགས་འཁོར་མཚན་ཉིད་པ་རྣལ་འབྱོར་པས་བྱ་དགོས་པའི་ལུང་། རབ་བྱུང་གིས་དེ་བྱ་མི་རུང་བའི་ལུང་། ཚོགས་རྫས་ཀྱི་ཤ་ཆང་རྒྱུད་སྡེ་ལས་བཤད་པ་དགོས་པའི་ལུང་དང་གསུམ་དུ་མཛད་ནས། དང་པོ་ལ། འོ་ན་ཚོགས་འཁོར་མཚན་ཉིད་པ་བྱེད་པ་ལ་ངེས་པར་རྣལ་འབྱོར་པ་ནུས་པ་དང་ལྡན་པ་དགོས་པར་གང་ནས་བཤད་ཅེ་ན་ཞེས་གསུངས་ནས། དུས་འཁོར་འགྲེལ་ཆེན་གྱི་ལུང་རྒྱས་པར་འདྲེན་པར་མཛད་དོ།
།གཉིས་པ་ལ་སྦྱངས་རྟོགས་སྦར་གསུམ་ནུས་པའི་རབ་བྱུང་གིས་ཚོགས་འཁོར་བྱས་པས་སྐྱོན་མེད་དོ་སྙམ་ན་ཞེས་གསུངས་ནས་བདེ་མཆོག་སྟོད་འགྲེལ་གྱི་ལུང་དྲངས་ནས། དེས་ན་དེ་ལྟ་བུའི་ནུས་པ་དང་ལྡན་པའི་རབ་