R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༠ན
[A:༩༠ན]བྱུང་གིས་ཚོགས་འཁོར་བྱས་ན་རང་ཉིད་ལ་ཉེས་པ་མི་འབྱུང་ཡང་། གཞན་མ་དད་པ་སོགས་ཀྱིས་བསྟན་པ་ལ་གནོད་པ་སྤང་བའི་ཕྱིར་དངོས་སུ་མི་མཛད་པ་ཡིན་ནོ། དེ་ལྟར་ན་བཟའ་བའི་དམ་ཚིག་ཉམས་པར་འགྱུར་རོ་སྙམ་ན། དུས་ཁྱད་པར་ཅན་གྱི་ཚེ་ནི། ཆོས་རྗེ་ས་པཎ་གྱིས་གསུངས་པ་ལྟར་རྗེས་མཐུན་པ་བྱས་པས་ཆོག་རྒྱུན་གྱི་དེ་ལ་ནི་བདུད་རྩི་རིལ་བུ་བསྟེན་པས་དགག་བྱ་དེ་ཁེགས་ཏེ་ཞེས་གསུངས་ནས་འགྲེལ་ཆེན་དེའི་ལུང་འདྲེན་པར་མཛད་དོ། །གསུམ་པ་ལ་སྤྱིར་རྡོ་རྗེ་ཐེག་པའི་མཆོད་པ་དང་ཚོགས་རྫས་སོགས་ཀྱི་ཤ་ནི་ཁ་ན་མ་ཐོ་བ་མེད་པ་ཞིག་དགོས་གསུངས་ནས་བདེ་མཆོག་སྟོད་འགྲེལ་དང་། དུས་འཁོར་འགྲེལ་ཆེན་དང་། གསང་འདུས་འགྲེལ་ཆེན་སྒྲོན་གསལ་རྣམས་ཀྱི་ལུང་འདྲེན་པར་མཛད་ནས། དེ་བཞིན་དུ་རྣལ་འབྱོར་པས་བསྟེན་བྱའི་ཆང་ཡང་སྡོམ་འབྱུང་ནས་འབྱུང་བ་ལྟར་དགོས་ཀྱི། ཅི་རུང་གི་ཆང་ཚོགས་རྫས་སུ་བཤད་པ་མེད་དོ། །དེ་ལྟར་བཤད་པའི་ཤ་ཆང་དག་ཀྱང་དཔའ་བོའི་སྟོན་མོ་སོགས་ཀྱི་ཚེ་ལྷའི་རྣལ་འབྱོར་བརྟན་པོ་དང་ལྡན་པས་ཅུང་ཟད་བརྟེན་པ་ཡིན་གྱི། ཧ་ཅང་རྒྱགས་པ་དང་ཏིང་ངེ་འཛིན་བརྟན་པོ་དང་མི་ལྡན་པའི་ལས་དང་པོ་པས་ཆོ་ག་ཤེས་པའི་རྒྱུ་མཚན་གྱིས་ཅི་དགར་འཇུག་པ་དང་། འཛག་བདེ་དོན་གཉེར་གྱིས་ཕྱག་རྒྱ་བསྟེན་པ་བཀག་གསུངས་ནས། དུས་འཁོར་དང་། དེའི་འགྲེལ་པ་དང་། སློབ་དཔོན་ཛྙཱན་ཀཱིརྟི་རྣམས་ཀྱིས་ལུང་འདྲེན་པར་མཛད་ནས། དེ་བས་ན་གནས་སྐབས་སུ་བྱ་བའི་ཁྱད་པར་འདི་ལ་སྙད་བཏགས་ཏེ་བག་མེད་པར་སྤྱོད་པ་དག་ནི་ལྷག་སྤྱོད་ཀྱི་ཏིང་ངེ་འཛིན་བསྒོམ་པའི་རྣམ་པར་ཐར་པ་དང་ཀུན་དུ་མཚུངས་