R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༠བ
[A:༩༠བ]པའོ་ཞེས་གསུངས་ཤིང་། དེའི་དོན་བསྡུས་དོན་བརྒྱད་པ་ལས། མཁྱེན་རབ་དབང་ཕྱུག་ས་པཎ་གྱིས། །བཤད་པའི་རབ་བྱུང་སྟོན་མོ་དེས། །ཁྱད་པར་ཅན་གྱི་བཟའ་བ་ཡི། །དགག་བྱ་དེ་དག་ཁེགས་ནུས་སམ། །ནུས་ན་ངེད་ཅག་སྡོམ་བརྩོན་རྣམས། །ཆོས་རྗེས་བཤད་པ་དེ་བྱེད་ན། །བཟའ་བའི་དམ་ཚིག་མེད་པ་ཞེས། །འབྲེལ་མེད་སྨྱོན་དེ་སུ་ལ་སྨྲ། །ཚུལ་དེས་དགག་བྱ་མི་ཁེགས་ན། །ཀླུ་སྒྲུབ་ནས་ནི་ཆོས་རྗེ་སོགས། །ཚད་ལྡན་སྡོམ་བརྩོན་མཐའ་ཡས་པ། །རྩ་ལྟུང་ཅན་དུ་ཁྱེད་སྒྲུབ་བམ། །མདོར་ན་ཚོགས་འཁོར་མ་བྱས་པ། །རྐྱང་པས་རྩ་ལྟུང་འབྱུང་བ་དེ། །གོང་མའི་གསུང་རབ་གང་ན་བཞུགས། །ཁྱེད་དག་ཚོགས་འཁོར་བྱེད་དོ་ཞེས། །ཀུན་ལ་རླུང་ལྟར་སྒྲོག་བྱེད་ན། །རྗེ་བཙུན་གོང་མས་ཚོགས་འཁོར་ལ། །དཔའ་བོ་དཔའ་མོ་གཉིས་ཚོགས་དང་། །ཚིམ་པ་དྲུག་སོགས་བཤད་པ་ཡི། །མཚན་ཉིད་ཚང་བར་ཁྱེད་བྱེད་དམ། །ཚོགས་འཁོར་མཚན་ཉིད་མ་ཚང་ན། །བཏགས་པ་བ་ལས་འདའ་བ་མེད། །དེ་ལྟར་འདོད་ན་ཁྱེད་ཉིད་ཀྱིས། །ཚོགས་ཀྱི་འཁོར་ལོ་མ་བྱས་ཕྱིར། །རྩ་ལྟུང་ཅན་དུ་ཁས་ལོངས་ཤིག །དེ་ཕྱིར་རང་ལ་སྐྱོན་བརྗོད་པ། །ངེས་པར་སྨྱོན་པ་ཉིད་དུ་བས། །གལ་ཏེ་དེ་དག་ཀུན་བྱེད་ན། །ཕྱག་ན་རྡོ་རྗེའི་སྟོད་འགྲེལ་ལས། །ཆོས་གོས་འཛིན་པ་རྣམས་ལ་ནི། །བླ་མས་ཚིག་གིས་བསྟན་པར་བྱ། །གཞན་དུ་བླ་མ་དམ་ཚིག་ནི། །ཉམས་པར་འགྱུར་ཞེས་གང་གསུངས་པའི། །གཞན་གྱིས་མ་འཁུར་སྡིག་པ་ཡི། །ཁུར་དེ་ཁྱེད་ཅག་འཁོར་རམ་ཅི། །གཞན་ཡང་དུས་འཁོར་རྒྱུད་འགྲེལ་སོགས། །ཚད་ལྡན་རྣམས་ལས་རབ་བྱུང་གིས། །དེ་ལྟར་བྱེད་པ་རྒྱས་པར་