R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩བ
[A:༩བ] །དོགས་གནས་ཀུན་གྲོལ་དངོས་ལན་ནོ། །ཞེས་གསུངས། ཡང་སྒྱི་ཆུ་བ་བུདྡྷ་ཤྲཱི་བས་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་ཚངས་པའི་རིགས་སྔགས་ཀྱི་ཡང་ལན་ནོར་བུའི་ཕྲེང་བ་ཞེས་བྱ་བ་མཛད་དེ། དེ་ཉིད་ལས། སྔར་ཚངས་པའི་རིགས་སྔགས་ཀྱི་ལན་དེ་དག་གི་ཡང་ལན་དུ། སུས་བྱས་མ་ངེས་པའི་ཆོག་བསྒྲིགས་ཀྱི་ཡི་གེ་དེ་ཆོས་རྗེ་ཁུ་དབོན་ཙམ་གྱི་རྗེས་སུ་བྱུང་ན་དེའི་སྟེང་ནས་ཆོ་ག་བྱས་པས་ན་གསུང་སྒྲོས་དང་བཅས་པའི་ངེས་པ་ཡོངས་རིགས་པ་ལས་མེད་པ་དང་། ཕྱི་མོ་ནས་བྱུང་བ་ཡིན་ན་ནི་རྩ་བ་མེད་པའི་ཡན་ལག་མི་རིགས་པ་དང་། བར་སྐབས་དེར་ཕྱག་དཔེ་འདི་ལ་རྟེན་བྱ་བའང་མེད་པས་ན་ཚངས་པའི་རིགས་སྔགས་ཀྱི་དེ་དག་མ་བརྟགས་པའི་ལན་ཡིན་ཅིང་། ནཱ་རོ་པའི་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག བིརྺ་པའི་ལུགས་ཀྱི་སྙན་བརྒྱུད་དུ་མི་རུང་བས། བརྒྱུད་པ་གཉིས་ལྡན་གྱི་སེམས་བསྐྱེད་ཀྱི་ཆོ་ག་དེ་སྙན་བརྒྱུད་ཡིན་ཞེས་པའང་གྱི་ནར་སོང་། བདེ་ཀྱེའི་དབང་གི་སྔོན་དུ་ཡི་གེ་དེ་དང་མཐུན་པའི་སེམས་བསྐྱེད་བྱེད་ཅེས་པའང་བསྟན་པ་སྤྱིའི་བབས་འགྲོས་ལ་བརྟེན་ནས་བསྒྲིགས་པ་སྟེ། དེ་ལྟར་ན་བྱང་སྡོམ་གྱི་སྔོན་དུ་སོ་ཐར་དགོས་པས། སྐབས་དེར་གསོལ་བཞིའི་ཆོ་གས་བསྙེན་རྫོགས་རེ་ཡང་འབོགས་རིགས། དེས་ན་སམྦུ་ཊ་ལས། སྐྱབས་སུ་འགྲོ་བའི་རིམ་པ་ཡིས། །ཤིན་ཏུ་ལེགས་པར་སྦྱངས་ནས་ནི། །སྔགས་དང་རྒྱུད་ཀྱི་རིམ་པ་ཡི། །གསང་བའི་དེ་ཁོ་ན་ཉིད་བསྒྲགས། །ཞེས་དཀྱིལ་འཁོར་དུ་འཇུག་པའི་སྔོན་དུ་སྐྱབས་འགྲོ་དང་སེམས་བསྐྱེད་བྱ་དགོས་པར་གསུངས་ཀྱང་ཕྱག་ལེན་གྱི་རིམ་པར་མི་སྣང་། འོན་ཀྱང་འགལ་བ་མེད་དེ། སྟ་གོན་གྱི་སྐབས་