R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༤བ
[A:༩༤བ]གྱིས་དབྱེ་བ་ཡིན་པས། དབྱེ་བའི་ཡ་གྱལ་དེ་དག་གང་རུང་ཡིན་ན་ཚོགས་འཁོར་མཚན་ཉིད་པ་ཡིན་མི་དགོས་ལ། ཚོགས་འཁོར་མཚན་ཉིད་པ་ཡིན་ན་དཔའ་བོ་དང་དཔའ་མོ་གཉིས་ཀ་འཚོགས་དགོས་ཤིང་། དེའི་གནད་ཀྱང་ཚིམ་པ་དྲུག་དངོས་སུ་ལྡན་དགོས་པ་ཡིན་ཅིང་། དེས་ན་སྡོམ་བརྩོན་བསླབ་པས་བཅིངས་པ་དང་། ཁྱིམ་པའང་སྦྱངས་རྟོགས་སྦར་གསུམ་མི་ནུས་པ་རྣམས་ཀྱིས་ཚོགས་འཁོར་མཚན་ཉིད་པ་བྱར་མི་རུང་ལ། དེར་མ་ཟད་སྡོམ་བརྩོན་ནི་ནུས་པ་དེ་གསུམ་དང་ལྡན་པས་རང་ཉིད་ལ་ཉེས་པས་མི་གོས་ཀྱང་གཞན་མ་དད་པ་སོགས་ཀྱི་བསྟན་པ་ལ་གནོད་པའི་ཉེས་པ་སྤང་བའི་ཕྱིར་ཚོགས་འཁོར་མཚན་ཉིད་པ་དེ་མི་མཛད་པ་ཡིན་པར་ཆོས་རྗེས་བཤད་ལ། འོན་ཀྱང་དུས་ཁྱད་པར་ཅན་གྱི་བཟའ་བའི་དམ་ཚིག་མེད་པར་མི་འགྱུར་ཏེ། དཔའ་བོའི་སྟོན་མོ་ཞེས་མིང་དུ་བཏགས་པའི་ཚོགས་འཁོར་རྗེས་མཐུན་པ་དེ་བྱར་རུང་ཞིང་བྱ་བར་ཡང་བཤད་པ་ཡིན་ཞེས་པར་སྣང་ལ། དེ་ལྟ་ནའང་ཚིམ་པ་དྲུག་དགོས་པ་དང་། ལུས་སེམས་ལྷན་སྐྱེས་ཀྱི་བདེ་བས་ཚིམ་པ་ཞེས་པ་དེ་ལ་ལས་རྒྱ་ལ་བརྟེན་ནས་དངོས་སུ་བྱ་བ་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་བྱ་བ་གཉིས་སུ་ཡོད་པ་དང་། རྣལ་འབྱོར་པ་དང་རབ་བྱུང་གི་ཚོགས་རྫས་ལ་ཁྱད་པར་ཡོད་པ་སོགས་ནི་ལུགས་གཉིས་ཀ་བཞེད་པ་མཐུན་ལ། འོན་ཀྱང་རྫོང་ལུགས་པའི་མཁས་པ་རྣམས་ཀྱིས་དབང་གསུམ་པ་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་བསྐུར་བ་དེ་དབང་མཚན་ཉིད་པ་ཡིན་པ་དཔེར་མཛད་ནས་ཚོགས་འཁོར་གྱི་ཚེའང་རབ་བྱུང་སོགས་ཀྱིས་ལས་རྒྱ་ལ་དངོས་སུ་མ་བརྟེན་པར་དཔའ་བོའི་སྟོན་མོ་བྱས་པ་དེའང་ཚོགས་འཁོར་མཚན་ཉིད་པར་