R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༥ན
[A:༩༥ན]བཞེད་ཅིང་། ཚོགས་རྫས་ཀྱི་ཤ་ཆང་སོགས་ལའང་དགག་པ་བྱས་ན་རྩ་ལྟུང་བཅུ་གསུམ་པ་འབྱུང་བས་བཀག་ཆ་མི་མཛད་དོ། །དེ་ལ་རང་གི་བློའི་ཤར་ཚོད་ལྟར་ན་ལུགས་གཉིས་ཆར་གྱི་བཞེད་པ་མཐུན་པར་བྱུང་བ་དེ་དག་ནི་རྗེ་བཙུན་ཆེན་པོའི་ལྗོན་ཤིང་དང་། ཆོས་རྗེ་ས་སྐྱ་པཎྜི་ཏའི་ཚོགས་འཁོར་གྱི་ཡི་གེར་བཤད་པ་རྣམས་ཀྱི་དགོངས་པ་བླ་ན་མེད་པར་སྣང་ལ། དབང་གསུམ་པ་དང་ཚོགས་འཁོར་གྱི་ཚིམ་པ་དྲུག་པའི་སྐབས་ཕྱག་རྒྱ་ལ་བརྟེན་ཙམ་ཞིག་མཚུངས་ནའང་། དབང་གསུམ་པ་ལ་ཚིམ་པ་དྲུག་ཅེས་པའི་ཐ་སྙད་རྗེ་བཙུན་གོང་མ་རྣམས་ཀྱིས་བཤད་ཚུལ་ཇི་ལྟར་ཡོད། ཚོགས་འཁོར་ལ་ཚིམ་པ་དྲུག་དངོས་གཞི་རང་དུ་བཤད་པས་རྫོང་ལུགས་པའི་མཁས་པ་ཕྱི་མ་རྣམས་ཀྱིས་དེ་གཉིས་ཀྱི་མཚུངས་པ་བརྗོད་པ་འདི་ཅུང་ཟད་བརྟག་དགོས་སམ་སྙམ་ཞིང་། མདོར་ན་སྡོམ་བརྩོན་རྣམས་ཀྱིས་ཁྱད་པར་གྱི་བཟའ་བའི་དམ་ཚིག་ཉམས་སུ་ལེན་པ་འདི་རྫོང་ལུགས་པ་ལྟར་ཚོགས་འཁོར་མཚན་ཉིད་པ་ཡིན་པའམ། ངོར་ལུགས་པ་ལྟར་རྗེས་མཐུན་པ་གང་ལྟར་ཡང་། དེའི་ཚེ་སྡོམ་བརྩོན་རྣམས་ཀྱིས་ལས་རྒྱ་དངོས་སུ་བསྟེན་པ་ལྟ་ཞོག ཚོགས་རྫས་ལ་ཤ་ཆང་སོགས་རབ་ཏུ་བྱུང་བ་ལ་སྤྱིར་བཀག་པ་རྣམས་ཀྱང་མི་བྱ་བ་དང་། ཕྱི་དྲོའི་ཟས་སུ་གནང་བའི་བུ་རམ་སོགས་བྱེད་པའམ་ཤ་བྱེད་ཀྱང་བསད་ཤ་མ་ཡིན་པ་དང་། ཆང་ཡང་ལྕེ་ལ་རེག་པ་ཙམ་མ་གཏོགས་ཧ་ཅང་མང་པ་མི་བསྟེན་ནོ་ཞེས་སྤྱོད་པ་དོག་ཕྱོགས་ཀྱི་མཐའ་བསྡམས་ཏེ་བག་ཡོད་དུ་བྱ་བ་ཉིད་ཤིན་ཏུ་ལེགས་པ་ཡིན་ཏེ། དེ་ལས་གཞན་དུ་གསང་སྤྱོད་འཆོལ་པར་སྤྱད་ན་འཇིག་རྟེན་ཐ་མལ་པ་དང་མུ་