R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༥བ
[A:༩༥བ]སྟེགས་འགའ་ཞིག་གི་སྤྱོད་པ་དང་མཚུངས་པར་འགྱུར་བ་དང་། རབ་བྱུང་གི་བསླབ་པ་དང་འགལ་བའི་ཤ་ཆང་བག་མེད་བསྟེན་པ་སོགས་བྱས་ན་དེ་ལ་བརྟེན་ནས་ཁྱིམ་པ་རྣམས་མ་དད་པ་དང་། སྔགས་ཀྱི་ཐེག་པ་ལ་བཞུགས་པ་དག་ལ་གཞན་གྱིས་བརྙས་པར་འགྱུར་ཞིང་། རྒྱུ་དེ་ལ་བརྟེན་ནས་སངས་རྒྱས་ཀྱི་བསྟན་པ་ལ་གནོད་པར་འགྱུར་བས་ན་ཚུལ་དེ་ལ་ནན་ཏན་དུ་བྱ་རིགས་སོ་སྙམ་སྟེ། དོན་འདི་ལ་དགོངས་ཏེ་མཁྱེན་རབ་ཀྱི་དབང་ཕྱུག་ས་སྐྱ་པཎྜི་ཏས་ཚོགས་འཁོར་གྱི་ཡོ་བྱད་ལ། རབ་བྱུང་སྡོམ་བརྩོན་གྱི་ལུགས་དང་། རྣལ་འབྱོར་པའི་ལུགས་གཉིས་སུ་གསུངས་པ་དང་། དང་པོ་དེ་འཆད་པ་ན། གཏོར་མ་ལ་ཤ་ཆང་ལ་སོགས་པ་དབུལ། སྡོམ་བརྩོན་རྣམས་ཀྱིས་ལྕེ་ལ་བདུད་རྩི་མྱང་བ་ཙམ་བྱ། གཞན་བུ་རམ་ཤིང་ཏོག་ལ་སོགས་པ་ལ་བསང་བ་སོགས་གཏོར་མ་བྱིན་རླབས་ལྟར་བྱ། ཤ་ལྔ་བདུད་རྩི་ལྔར་བསྒོམས་ཏེ་ཟོས་པས་རྩ་ལྟུང་བཅུ་གསུམ་པའི་ཉེས་པ་མི་འབྱུང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཡེ་ཤེས་ཀྱི་མཁའ་འགྲོ་རྣམས་ཀྱིས་བྱིན་གྱིས་རླབས་ཏེ། གསང་བ་འདུས་པ་ལས། ཤ་རྣམས་ཐམས་ཅད་མེད་ན་ཡང་། །ཐམས་ཅད་བསམ་པས་རྣམ་པར་བརྟག །རྡོ་རྗེ་སྦྱོར་བས་ཟོས་པ་ཡི། །སངས་རྒྱས་ཐམས་ཅད་བྱིན་གྱིས་བརླབས། །ཞེས་བྱ་བ་དང་། སམྦུ་ཊ་ལས་ཀྱང་། ཤ་གང་ཡང་མེད་ན་རྣམ་པར་རྟོག་པས་ཤའི་རང་བཞིན་དུ་བྱས་ལ་འཇིག་རྟེན་པ་གང་བཟའ་བ་དེ་བཟའ་བར་བྱའོ་ཞེས་གསུངས་པ་ལྟར་རོ་ཞེས་དང་། ཚུལ་དེ་ཀླུ་སྒྲུབ་ཡབ་སྲས། ཐོགས་མེད་སྐུ་མཆེད། ཇོ་བོ་རྗེ། ཁ་ཆེ་པཎ་ཆེན་སོགས་བཞེད་པར་བཤད་པའི་རྗེས་སུ་སྡོམ་བརྩོན་རྣམས་