R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠ན
[A:༡༠ན]སུ་འབྱུང་བས་སོ། །དེས་མི་རུང་བ་ཡང་མིན་ཏེ། ཁྲིད་ཀྱི་ཚེ་མ་གཏོགས་ཕྱག་ལེན་ཏལ་མ་ལ་ཁྱེད་རང་ཀྱང་མི་བྱེད་པས་སོ་ཞེས་གསུངས་སོ། །དེ་ལྟར་རྩོད་པ་དང་རྩོད་ལན་དེ་དག་གིས་སོ་སོའི་དགོངས་བཞེད་ཀྱི་སྙིང་པོ་བླངས་ན་མཁས་མཆོག་རྡོ་རྗེ་རྒྱལ་མཚན་གྱི་དགོངས་དོན་གྱི་སྙིང་པོ་ནི། རྗེ་བཙུན་གྱིས་མཛད་པར་གྲགས་པའི་སེམས་བསྐྱེད་ཀྱི་ཡི་གེའི་སྟེང་ནས་སེམས་བསྐྱེད་འབོགས་པ་འདི་ལ་བརྒྱུད་པ་མེད་པས་འདི་མི་རིགས་ཏེ། བརྒྱུད་པ་མེད་པའི་རྒྱུ་མཚན་ངོར་ཆེན་གྱིས་ཡི་གེ་དེ་གསར་དུ་རྙེད་པས་སོ་གསུངས་པར་སྣང་ལ། དེའི་བརྒལ་ལན་དག་བཤད་ཚུལ་ཅུང་ཟད་མི་འདྲ་ཡང་དོན་གྱི་སྙིང་པོ་ཀུན་མཐུན་པར། ངོར་ཆེན་རྡོ་རྗེ་འཆང་གིས་གསར་དུ་རྙེད་པའི་རྗེ་བཙུན་གྱིས་མཛད་པའི་སེམས་བསྐྱེད་ཀྱི་ཡི་གེ་དེ་ལ་ལུང་རྒྱུན་མེད་ཀྱང་། དེའི་སྟེང་ནས་སེམས་བསྐྱེད་ཕོག་ཆོག་སྟེ་གོང་མའི་གསུང་དག་ལས་དབང་གི་སྔོན་དུ་སེམས་བསྐྱེད་བྱེད་པར་བཤད་ཅིང་། བཤད་པ་བཞིན་རྗེ་བཙུན་ནས་ངོར་ཆེན་རྡོ་རྗེ་འཆང་གི་བར་དུ་རྒྱུན་མ་ཆད་པའི་སེམས་བསྐྱེད་ཀྱི་ཕྱག་ལེན་རྣམ་པར་དག་པ་ཡོད་ཅིང་། ཕྱག་ལེན་དེ་དང་མཐུན་པའི་སེམས་བསྐྱེད་ཀྱི་ཡི་གེ་སུ་ཞིག་གིས་བྱས་ཀྱང་དེའི་སྟེང་ནས་སེམས་བསྐྱེད་འབོགས་རུང་ཞིང་། ཡི་གེ་དེའི་བརྗོད་བྱ་དང་མཐུན་པའི་སེམས་བསྐྱེད་ཀྱི་སྡོམ་པའི་བརྒྱུད་པ་མེད་པར་ཡང་མི་འགྱུར་ལ། དཔེར་ན་རྗེ་བཙུན་ནས་བརྒྱུད་པའི་ཀྱེ་རྡོར་མན་ངག་ལུགས་ཀྱི་དབང་ཐོབ་ལ་མ་ཉམས་པའི་རྡོ་རྗེ་སློབ་དཔོན་ཞིག་གིས་དབང་ཆུའི་ལུང་མ་ཐོབ་ཀྱང་། དེའི་སྟེང་ནས་གཞན་ལ་དབང་དེ་བྱར་རུང་བ་བཞིན་ནོ། །དེ་ལྟར་ཕྱག་ལེན་མཛད་པའི་དབང་གི་