R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༦ན
[A:༩༦ན]ཀྱིས་དབང་བསྐུར་བ་ལ་སོགས་པའི་དུས་སུ་འདི་ལྟར་བྱས་ན་ལེགས་སོ་ཞེས་གསུངས་པ་ཡིན་ནོ། །ཡང་ངོར་ལུགས་བཞེད་པའི་ཚོགས་འཁོར་གྱི་རྣམ་གཞག་ལ། རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོ་ཞེས་རྫོང་ལུགས་པ་དག་གི་བསྟན་འཛིན་རྣམས་ཀྱི་གཙུག་རྒྱན་ལྟ་བུར་གྱུར་པ་དེ་ཉིད་ཀྱིས་གཞན་ལུགས་ཀྱི་ཚོགས་འཁོར་གྱི་རྣམ་གཞག་དགག་པ་དང་། རང་ལུགས་ཀྱི་དེའི་རྣམ་གཞག་ལེགས་པར་བཤད་པའི་བསྟན་བཅོས་གྲུབ་པའི་དགའ་སྟོན་ཞེས་བྱ་བ་མཛད་དེ། །དེ་ཉིད་ལས་ཚོགས་འཁོར་བསྟེན་དགོས་པ། མ་བསྟེན་པའི་ཉེས་དམིགས། བསྟེན་ཚུལ་དངོས་དང་གསུམ་དུ་མཛད་ནས། ཕྱི་མའི་སྐབས་སུ་དེ་ལ་ལོག་རྟོག་དགག་པ་སོགས་དོན་ཚན་གསུམ་དུ་བཤད་པའི་དང་པོ་ལ་མདོར་བསྟན་རྒྱས་བཤད་གཉིས་སུ་མཛད་པའི་དང་པོ་ལ། དེང་སང་གི་དུས་འདིར་རྡོ་རྗེ་སློབ་དཔོན་རྫས་ལ་བརྐམ་པ་དང་ལོངས་སྤྱོད་ལ་ཆགས་པ་འགས་ཞེས་པ་ནས། ཕྱོགས་དེ་ལ་རིམས་ནད་བཞིན་དུ་འཛེམ་པར་བྱའོ་ཞེས་པའི་བར་གསུངས་ནས་ངོར་ལུགས་ལ་ཐོག་མར་མདོར་བསྟན་གྱི་ཚུལ་དུ་དགག་པ་བརྗོད་པ་མཛད་དོ། །དེ་ལ་ལན་འདེབས་དངོས་སུ་མཛད་པ་པོ་གཞན་བྱུང་བ་ནི་མ་མཐོང་ལ། མཁས་པའི་དབང་པོ་བྱམས་པ་རབ་བརྟན་གྱི་ཐུགས་སྲས་རྗེ་བསོད་ནམས་རབ་བརྟན་ཞེས་བྱ་བས་ཚོགས་ཀྱི་འཁོར་ལོའི་དགག་ལན་ལོག་རྟོག་གི་བྲག་རི་འཇོམས་པའི་རྡོ་རྗེ་ཞེས་བྱ་བ་མཛད་ལ། དེ་ཉིད་ལས་རྡོ་རྗེ་གདན་པ་ཆེན་པོས་དགག་པའི་གསུང་དང་མཚུངས་པའི་ལན་ཡང་མདོར་བསྟན་དང་རྒྱས་བཤད་གཉིས་ཀྱི་སྒོ་ནས་འདོན་པར་མཛད་དོ། །དེའང་དགག་པ་མདོར་