R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༦བ
[A:༩༦བ]བསྟན་གྱི་ལན་དུ། འདི་དག་ནི་ཕྱོགས་སྔའི་ནམ་མ་ལངས་པར་དགག་པའི་ཉི་མ་ཤར་བ་ཞེས་པའམ། ཕྱོགས་སྔ་གཞི་མེད་ལ་སྨྱོན་གཏམ་གསུངས་པའི་ངལ་བ་འབའ་ཞིག་ཏུ་ཟད་དེ། འདི་ལྟར་དེ་ཉིད་དུ་ཚོགས་ཀྱི་འཁོར་ལོ་བསྟེན་དུ་རུང་མི་རུང་སོ་ཐར་གྱི་གདུང་བའི་ངོས་ནས་འཇོག་པ་བཞིན་ནོ་ཞེས་པ་འདིའང་སྨྱོན་གཏམ་དུ་སྣང་སྟེ། དེ་ལྟར་ཁས་ལེན་པ་པོ་མེད་པའི་ཕྱིར། འོན་ཀྱང་གང་ཟག་གི་རིགས་ལ་ལྟོས་ནས་སྡོམ་བརྩོན་རྡོ་རྗེ་འཛིན་པའི་ལུགས། དེ་ལས་གཞན་པའི་རྣལ་འབྱོར་པའི་ལུགས་གཉིས་སུ་དབྱེ་བ། རྗེ་བཙུན་ས་པཎ་གྱིས་བཤད་པ་ལྟར་ངེད་ཀྱི་བླ་མ་རྣམས་ཀྱང་བཞེད། དེ་ཙམ་གྱིས་ཚོགས་འཁོར་ཐམས་ཅད་སོ་ཐར་གྱི་ངོས་ནས་བཞག་པར་འགྲོ་ན་ཁྱེད་རང་ཡང་ཚོགས་འཁོར་སོ་ཐར་གྱི་བསླབ་བྱ་དང་བསྟུན་ནས་ཁས་ལེན་དགོས་ཏེ། ཉིད་ཀྱི་ལུང་དེར་ས་པཎ་གྱི་གསུང་དང་འགལ་སྤོང་གི་སྐབས་སུ་འདིར་ནི་སོ་ཐར་ལ་བསྟུན་པ་ཆེ་ཆུང་གི་སྒོ་ནས་བཞག་སྟེ་ཞེས་བྲིས་པའི་ཕྱིར། གཞན་ཡང་རྡོ་རྗེ་ཐེག་པ་ཡིན་པས་ཉན་ཐོས་ཀྱི་བསླབ་པ་དང་བསྟུན་མི་དགོས་ན་ཁྱེད་ཐམས་ཅད་ཧེ་རུ་ཀའི་ཆ་ལུགས་མི་བཟུང་བར་རབ་བྱུང་གི་ཆ་ལུགས་བཟུང་ནས་ཅི་བྱེད་ཅེས་པ་དང་། ཡང་རྡོ་རྗེ་གདན་པས་སྣོད་ཀྱི་སྐྱོན་ཡོན་མ་བརྟགས་པར་ཐེག་པ་ཆེས་དམན་པའི་རིགས་ཅན་ལ་དབང་བཞི་བསྐུར་ཏེ་ཟབ་མོའི་གནད་རྣམས་བསྟན་པ་ལས་ཞེས་པའི་ལན་དུ་སྤྱིར་སྣོད་བརྟག་དགོས་ཀྱང་། ཁྱེད་ལྟར་ན་གངས་ཁྲོད་ཀྱི་སྐྱེ་བོ་ཐམས་ཅད་གསང་སྔགས་ཀྱི་སྣོད་དུ་གཟིགས་པར་སེམས་ཏེ། གསང་སྔགས་ཐུན་མོང་མ་ཡིན་པའི་ཕྱག་རྒྱ་དང་གར་སོགས་སྣོད་མིན་ལ་གསང་དགོས་པ་རྣམས་སྐྱེ་བོ་ཐམས་ཅད་འདུས་