R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༧ན
[A:༩༧ན]པར་མཛད་པར་སྣང་བས་སོ་ཞེས་དང་། ཡང་དེ་ནི་འདོད་ཡོན་ལམ་དུ་བྱེད་པ་རྡོ་རྗེ་ཐེག་པ་ལས་འདོད་ཡོན་སྤོང་བ་ལམ་དུ་བྱེད་པ་ཐེག་པ་གཞན་ཁྱད་པར་དུ་འཕགས་པ་ཡང་དོན་གྱིས་འདོད་པས་ཞེས་པའི་ལན་དུ་སྤྱིར་བཏང་ཙམ་ལ་དེ་ལྟར་འདོད་མཁན་མེད། གང་ཟག་གི་རིགས་ལ་ལྟོས་ནས་རྡོ་རྗེ་ཐེག་པ་ཟབ་པའི་ངེས་པ་མེད་དེ། །ཐེག་དམན་གྱི་རིགས་ཅན་ལ་དེའི་ཆོས་ཁོ་ན་ཟབ་པར་ཀླུ་སྒྲུབ་ཀྱིས་ནད་དང་སྨན་གྱི་དཔེ་དང་བཅས་ཏེ་གསུངས་ལ། དེ་མིན་ན་སངས་རྒྱས་ཀྱིས་རྡོ་རྗེ་ཐེག་པ་ཁོ་ན་ཅིའི་ཕྱིར་མི་གསུང་ཞེས་པའི་ལན་མཛད་ཅིང་། ཡང་དེ་ལྟ་བུ་རྗེས་འབྲང་དང་བཅས་པས་ལྟ་བ་ཚོགས་ཀྱི་འཁོར་ལོ་ཉིད་སྔགས་པ་ངན་འགྲོར་འཇུག་པའི་སྒོར་བསམ་པ་ནི་ཞེས་པའི་ལན་དུ། ངོར་ལུགས་པས་སྡོམ་བརྩོན་རྣམས་ཀྱིས་ཚོགས་འཁོར་གྱི་ཚེ་ཤ་ཆང་ལ་ལོངས་སྤྱོད་ན་ལྟུང་བས་གོས་ནས་ངན་སོང་དུ་སྐྱེ་བར་བཞེད་པ་ལ་དེ་ལྟར་ཟེར་ན། འོ་ན་དབང་ཡང་ངན་སོང་དུ་སྐྱེ་བའི་རྒྱུར་འགྱུར་ཏེ། དེ་ཐོབ་པའི་གང་ཟག་རྩ་ལྟུང་གི་དབང་གིས་ངན་སོང་དུ་སྐྱེ་བ་ཡོད་པའི་ཕྱིར། དེས་ན་ཚོགས་འཁོར་སོགས་ཀྱི་ཚེ་སྤྱོད་པ་ཞིབ་མོར་བྱེད་པ་རྣམས་ལྟུང་བ་ཅན་ལྟུང་མེད་དུ་རློམ་ཞིང་། ལྟུང་མེད་ལྟུང་བ་ལ་སྦྱོར་བའི་རྒྱུ་ཡིན་ནམ། སྔགས་ལ་ཁག་བཏགས་ནས་སྤྱོད་པ་འཆོལ་པོར་བྱེད་པ་རྣམས་རྩིང་སྤྱོད་ལ་ཞིབ་སྤྱོད་དུ་རློམ་ཞིང་། ཞིབ་སྤྱོད་དང་དུ་ལེན་པ་རྣམས་རྩིང་སྤྱོད་ལ་སྦྱོར་བའི་རྒྱུ་ཡིན། གཟུར་གནས་ཀྱིས་དཔྱད་འཚལ་ལོ་ཞེས་བཤད་དོ། ཡང་རྡོ་རྗེ་གདན་པ་ཆེན་པོའི་གྲུབ་པའི་དགའ་སྟོན་ལས་རྒྱས་པར་དགག་པའི་ཚེ། འདིར་གཙོ་བོར་དགག་བྱ་ནི་ངོར་པའི་ངན་རྟོག་སྟེ། འདི་བཀག་