R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༧བ
[A:༩༧བ]པས་གཞན་ཁེགས་པར་འགྱུར་བ་དང་། ས་སྐྱ་པའི་བསྟན་པའི་དྲི་མའང་འབྱང་བར་འགྱུར་བས་སོ་ཞེས་སོགས་ཀྱི་དགག་ཡུལ་ངོས་བཟུང་སྟེ། དེ་ལ་ཀུན་བཟང་རྣམ་རོལ་ལས་འབྱུང་བ་དགག་པ་དང་། གསང་བ་ཀུན་རྒྱན་ལས་འབྱུང་བ་དགག་པ་གཉིས་སུ་མཛད་ནས། དང་པོ་ལ་གོང་དུ་བཀོད་པའི་ཀུན་བཟང་རྣམ་རོལ་ལས་བཤད་ཚུལ་དེ་ཕྱོགས་སྔར་བཀོད་ནས། དེ་སྐད་སྨྲ་བ་པོའི་དོན་གྱི་སྙིང་པོ་ནི་སྤྱིར་འཇིག་རྟེན་པའི་ཟས་ལ་ཚོགས་ཀྱི་འཁོར་ལོ་གདགས་སུ་མི་རུང་ཞིང་། ཁྱད་པར་ཤ་ཆང་རབ་ཏུ་བྱུང་བས་ཚོགས་ཀྱི་འཁོར་ལོ་བསྟེན་པ་གཏན་མི་རིགས་ཞེས་པར་སྣང་བ་ཆེས་ཤིན་ཏུ་མི་འཐད་དེ་ཞེས་སོགས་མི་འཐད་པའི་སྒྲུབ་བྱེད་དང་བཅས་དགག་པའི་རྣམ་གྲངས་ཤིན་ཏུ་རྒྱས་པར་འབྱུང་བའི་ལན་དུ། ཆོས་རྗེ་བསོད་ནམས་རབ་བརྟན་གྱིས་ལན་འདེབས་རིགས་པའི་རྣམ་གྲངས་མང་པོ་དང་བཅས་གསུངས་ཀྱང་། དངོས་ལན་སྙིང་པོ་བླངས་ཏེ་བཀོད་ན་ཀུན་གྱིས་རྟོགས་སླ་བར་འགྱུར་བས་ལན་རྒྱས་བཤད་རྣམས་ཀྱི་སྙིང་པོ་ནི། དགག་པ་དེ་དག་ནི་ཕྱོགས་སྔ་མ་ལོངས་པར་མཛད་པར་སོང་སྟེ། འཇིག་རྟེན་པའི་དགའ་སྟོན་དང་ཁ་ཟས་ཡིན་ན་ཚོགས་ཀྱི་འཁོར་ལོའི་རྒྱུར་མི་རུང་བས་ཁྱབ་པ་དང་། ཤ་ཆང་རབ་བྱུང་གི་ཚོགས་འཁོར་གྱི་དུས་སུ་གཏན་ནས་བསྟེན་མི་རིགས་པར་འདོད་པ་མེད་བཞིན་དུ་དགག་པ་མཛད་པས་སོ། །ཀུན་བཟང་རྣམ་རོལ་ལས་ཤ་ཆང་ཁོ་ན་ལ་ལོངས་སྤྱོད་པ་འཇིག་རྟེན་པའི་དགའ་སྟོན་ལ་ཚོགས་ཀྱི་འཁོར་ལོའི་མིང་གདགས་པར་མི་བྱའོ་ཞེས་པའི་དོན་ནི། ཐར་པ་དོན་གཉེར་རྣམས་ཀྱིས་ཤ་ཆང་ཁོ་ན་ལ་ལོངས་སྤྱོད་པ་འཇིག་རྟེན་པའི་དགའ་སྟོན་དང་ཚུལ་མཚུངས་པའི་ལོངས་སྤྱོད་ལ་