R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༨ན
[A:༩༨ན]ཚོགས་འཁོར་གྱི་མིང་བཏགས་ནས་བག་མེད་དུ་ལོངས་སྤྱད་པར་མི་བྱ་ཞེས་པའི་དོན་ཡིན་ལ། ཡང་རབ་བྱུང་གིས་ཚོགས་འཁོར་གྱི་ཚེ་ཤ་ཆང་གཏན་ནས་བསྟེན་མི་རུང་བའང་གསང་བ་ཀུན་རྒྱན་གྱི་དགོངས་པ་མ་ཡིན་ཏེ། ཏིང་ངེ་འཛིན་ལ་བརྟན་པ་ཐོབ་པའི་སྡོམ་བརྩོན་རྣམས་ཀྱིས་ཚོགས་འཁོར་གྱི་ཚེ་ཤ་ཆང་སོགས་ཁྱིམ་པ་རྡོར་འཛིན་རྣམས་དང་ཁྱད་མེད་དུ་ལོངས་སྤྱད་ཀྱང་དྲན་ཤེས་ཉམས་པ་སོགས་ཀྱི་ཉེས་པར་མི་འགྱུར་ཡང་། གཞན་མ་དད་པ་སོགས་ཀྱི་རྒྱུར་སོང་དོགས་ནས་ཅུང་ཟད་ཙམ་ལོངས་སྤྱོད་ཅིང་། དེ་མིན་པའི་སྡོམ་བརྩོན་རྣམས་ཀྱིས་ནི་དམ་རྫས་མ་བསྟེན་པའི་ཉེས་པ་སྤང་བའི་ཕྱིར་ཤ་ཆང་སོགས་ཅུང་ཟད་བསྟེན་པར་གསུངས་ཤིང་། མང་དུ་བསྟེན་པར་མ་གསུངས་པའི་ཕྱིར། གལ་ཏེ་འདུལ་བ་དང་བསྟུན་ན་ཅུང་ཟད་ཙམ་རེའང་བསྟེན་དུ་མི་རུང་། ཚོགས་འཁོར་གྱི་ཚེ་ཚིམ་པར་ལོངས་སྤྱོད་ཅེས་གསུངས་པས་དེ་དང་འགལ་ལོ་སྙམ་ན། ལྷ་མཆོད་པའི་བསམ་པས་ཅུང་ཟད་རེ་བསྟེན་པས་བཅས་འགལ་གྱི་ཉེས་པའང་མི་འབྱུང་། དམ་རྫས་མ་བསྟེན་པའི་ཉེས་པར་ཡང་མི་འགྱུར་བར་རྗེ་བཙུན་ཁུ་དབོན་གྱིས། སྡོམ་བརྩོན་རྣམས་ལ་ཅུང་ཟད་ཙམ། །ཞེས་དང་། བག་ཙམ་ཞེས་དང་། བདུད་རྩི་མྱང་བ་ཙམ་ཞེས་དང་། རབ་ཏུ་བྱུང་བ་ལ་ཚོགས་ཀྱི་འཁོར་ལོ་ལ་སོགས་པ་དགོས་པ་རྒྱ་ཆེན་པོ་མཐོང་བའི་ཚེ་ནི་ཕྱི་དྲོའི་ཁ་ཟས་ཀྱི་ཉེས་པ་མེད་ལ་ཞེས་སོགས་ཀྱི་དམིགས་བསལ་གསུངས་པ་ཡིན་ཅིང་། ཚིམ་པར་ལོངས་སྤྱོད་ཅེས་པའང་རང་ཉིད་ལྷར་གསལ་བ་ལུས་དཀྱིལ་གྱི་ལྷ་དང་བཅས་པ་ཐམས་ཅད་མཉེས་ཤིང་ཚིམ་པར་བསམ་པའི་དོན་ཡིན་