R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༠ན
[A:༡༠༠ན]དགེ་སློང་རྡོ་རྗེ་འཛིན་པ་སྔགས་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། འདོད་ཡོན་བསྟེན་པ་ཐེག་པའི་ཆོས་ཉིད་ཀྱིས་ཐོབ་པའི་སྔགས་པའི་དམ་ཚིག་ཡིན་པ་དང་། མདོ་སྔགས་ཀྱི་དབྱེ་བའང་འདིས་འབྱེད་པར་དཔལ་ས་སྐྱ་པ་ཡབ་སྲས་བཞེད་པའི་ཕྱིར། དེའང་འདོད་ན། དགེ་སློང་རྡོར་འཛིན་དགེ་སློང་རྡོར་འཛིན་མ་ཡིན་པར་ཐལ། དེ་སྔགས་པ་མ་ཡིན་པའི་ཕྱིར། འདོད་ན་དགེ་སློང་རྡོར་འཛིན་དགེ་ཚུལ་དགེ་བསྙེན་གསུམ་གྱི་རྡོ་རྗེ་འཛིན་པ་གོ་རིམ་བཞིན་རབ་འབྲིང་ཐ་གསུམ་མ་ཡིན་པར་ཐལ། དགེ་སློང་རྡོར་འཛིན་མེད་པའི་ཕྱིར། གཞན་ཡང་དགེ་སློང་རྡོ་རྗེ་འཛིན་པས་གསང་སྔགས་མི་སྤྱོད་པར་ཐལ། དེས་གསང་སྟེ་སྤྱོད་དགོས་པ་མེད་པའི་ཕྱིར། དེར་ཐལ། འདུལ་བ་ཇི་ལྟ་བ་བཞིན་སྤྱོད་པའི་ཕྱིར། འདིས་མཚོན་ནས་རིགས་པ་གྲངས་མེད་པ་འགྲོ་སྟེ། རིགས་པ་ཤེས་པ་རྣམས་ཀྱིས་སྤྲོས་ཏེ་དགག་པར་བྱའོ་ཞེས་གསུངས། དེའི་ལན་དུ་རྗེ་བསོད་ནམས་རབ་བརྟན་གྱིས་དགག་ལན་ལས། འོ་ན་ཁྱེད་རང་དགེ་སློང་རྡོ་རྗེ་འཛིན་པས་སྔགས་ཀྱི་ཉམས་ལེན་བྱེད་པ་ན་དེ་ལྟར་གང་གཙོ། དང་པོ་ལྟར་ན་དེས་སྔགས་ཀྱི་ཉམས་ལེན་བྱེད་པའི་ཚེ་འདུལ་བ་ནས་བཤད་པའི་བསླབ་བྱ་སྲུང་སྡོམ་མི་དགོས་པར་ཐལ། དེའི་ཚེ་སྔགས་གཙོ་ཆེ་བའི་ཕྱིར། ཁྱབ་པ་ཁས། འདོད་ན་དགེ་སློང་རྡོར་འཛིན་གྱིས་རྒྱུན་དུ་དེ་ལྟར་མི་དགོས་པར་ཐལ། འདོད་པ་གང་ཞིག དེས་རྒྱུན་དུ་སྔགས་ཀྱི་ཉམས་ལེན་བྱེད་དགོས་པའི་ཕྱིར། གཞན་ཡང་། ཕྱི་རུ་ཉན་ཐོས་སྤྱོད་པ་བསྲུང་། །ཞེས་པ་དང་། ཉན་ཐོས་སྤྱོད་པ་སྲུང་བ་པོ། །ཞེས་པ་རྣམས་ཀྱང་སྔགས་ཀྱི་ཉམས་ལེན་