R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༠བ
[A:༡༠༠བ]བྱེད་པ་པོ་མ་ཡིན་པར་འགྱུར་ཞིང་། ཡང་ན་ཉན་ཐོས་ཀྱི་སྤྱོད་པ་སྲུང་བ་པོ་མ་ཡིན་པར་འགྱུར་རོ། །གཞན་ཡང་འདུལ་བ་པ་རྣམས་ཀྱིས་གསང་སྟེ་སྤྱོད་དགོས་པ་མེད་པར་ཐལ། དེས་འདུལ་བ་ཇི་ལྟ་བ་བཞིན་སྤྱོད་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། དེས་གསང་སྟེ་བར་ཆད་དྲི་བ་སོགས་སྤྱོད་དགོས་པ་ཡིན་པའི་ཕྱིར། དེས་ན་ཁྱབ་པ་འདི་འདྲའི་རིགས་པ་གྲངས་མེད་བྱས་ཀྱང་མཁས་པ་རྣམས་བཞད་མོ་གྲངས་མེད་འཆོར་བའི་རྒྱུར་ཟད་དོ། རིགས་པ་ཤེས་པ་རྣམས་ཀྱིས་སྤྲོས་ཏེ་དགག་པར་བྱའོ་ཞེས་པ་ནི། རིགས་པ་ཤེས་པས་འདི་འདྲ་བའི་ཁྱབ་པ་མི་འཆའ་ལས་ཆེའོ་ལེགས་པར་དགོངས་འཚལ་ལོ་ཞེས་གསུངས་སོ། ཡང་གྲུབ་པའི་དགའ་སྟོན་དུ་གཞན་སྨྲས་པ་དེ་དག་ནི་ཕལ་ཆེར་སྐྱོན་དང་བཅས་པ་སྟེ། རབ་བྱུང་གི་ཚོགས་འཁོར་བཤད་པའི་རྗེས་སུ་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་ཞེས་པ་དེ་ལྟར་ན། རྣལ་འབྱོར་པ་ཡིན་ན་ཁྱིམ་པ་ཡིན་དགོས་པ་དང་། རབ་བྱུང་ཡིན་པ་རྣལ་འབྱོར་པ་མ་ཡིན་དགོས་པའི་ཐ་ཆད་པ་ཡིན་ནོ་ཞེས་པའི་ལན་དུ། རབ་བྱུང་དང་རྣལ་འབྱོར་པའི་ཚོགས་འཁོར་སོ་སོར་བཤད་པ་ཙམ་གྱིས་རབ་བྱུང་ཡིན་ན་རྣལ་འབྱོར་པ་མིན་དགོས་ཞེས་པར་མི་འགྱུར། གལ་ཏེ་འགྱུར་ན་རྗེ་བཙུན་ས་པཎ་ལ་ཇི་ལྟར་བྱ། མི་མཚུངས་ཏེ་ཁྱེད་ཀྱི་རབ་བྱུང་མཆོག་དང་། རྣལ་འབྱོར་པ་ཁྱིམ་པའམ་དམན་པར་བཟུང་བས་ནོངས་ལ། ས་པཎ་གྱིས་ནི་སོ་ཐར་ལ་བསྟུན་པ་ཆེ་ཆུང་གི་སྒོ་ནས་བཞག་སྟེ། དོན་ལ་ཁྱོད་དང་དམན་མཆོག་གོ་ལོག་པས་སོ་ཞེ་ན། ངེད་ཀྱི་རྣལ་འབྱོར་པ་ཡིན་ན་རབ་བྱུང་ལས་དམན་པས་ཁྱབ་པ་དང་། ཁྱིམ་པ་ཡིན་པས་ཁྱབ་པ་ཁས་མ་བླངས་ཤིང་། དམན་མཆོག་